གྲོང་མི་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་འབྱུང་འཕྲོད་ཕྱོགས་སྒྱུར་གྱི་མ་དཔེ་ཚོད་ལྟ་བྱས་པ།
སི་ཕེན་གྱི་གྲོང་རྡལ་ཆུང་ངུས་ནུས་རྒྱུ་གསར་པའི་སྡེ་ཁུལ་ཇི་ལྟར་བསྐྲུན་ནམ།

སི་ཕེན་གྱི་ཅ་ལི་ཤིས་ཡ་ཁུལ་ཆེན་གྱི་ལྷོ་ཕྱོགས་གྲོང་རྡལ་ཆུང་ངུ་དབྱིན་ཧྥེ་སི་ཐཱ་ནི་རི་ཁུལ་དུ་གནས་པ་དང་། རི་རྩེ་བར་དུ་ཡོད་པའི་ས་ལམ་ནི་ཡུལ་དེ་གའི་ནུས་རྒྱུ་སྡེ་ཁུལ་གྱི་རྣམ་གྲངས་ཀྱི་སྐྱེ་ལྡན་འབུད་རྫས་སྐྱེལ་འདྲེན་བྱེད་སའི་བགྲོད་ལམ་ཞིག་རེད།
2023ལོར། ཡོ་རོབ་མནའ་འབྲེལ་གྱིས་མ་དངུལ་བཏང་བའི་སི་ཕེན་དང་ཕོར་ཐིའུ་ཀལ་གྱི་རྒྱལ་སྒྲོལ་མཉམ་ལས་ཀྱི་ཚོད་ལྟའི་རྣམ་གྲངས་ALDEALIXདངོས་སུ་འགོ་ཚུགས་ཤིང་། རྣམ་གྲངས་དེས་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་བཞིར་ནུས་རྒྱུའི་སྡེ་ཁུལ་བསྐྲུན་ནས་མཉམ་ལས་ཁང་གི་རྣམ་པར་བརྟེན་ཏེ་གྲོང་མི་ནུས་རྒྱུའི་ཐོན་སྐྱེད་དང་། བེད་སྤྱོད། དོ་དམ་བཅས་ལ་ཞུགས་རྒྱུར་ཁྲིད་སྟོན་གྱིས་ནུས་རྒྱུ་རང་མཁོ་རང་སྤྲོད་མངོན་འགྱུར་ཐུབ་པ་དང་སྦྲགས། ཡུལ་དེའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ལས་ཞུགས་གསར་གཏོད་བྱས་ཁར་གྲོང་གསེབ་ཀྱི་མི་འབོར་ཤོར་བའི་གནད་དོན་ཞི་ལྷོད་དུའང་བཏང་ཡོད། དབྱིན་ཧྥེ་སི་ཐཱ་ཉིད་དཔེ་སྟོན་གྲོང་རྡལ་ཆུང་ངུ་ཁག་དང་པོའི་གྲས་སུ་གྱུར་ཏེ་ནགས་སའི་བེད་མེད་ཤིང་ཆ་སྐྱེ་ལྡན་དངོས་པོའི་འབུད་རྫས་སུ་འགྱུར་རྒྱུར་གཙོ་གནད་ཐོག་འཚོལ་ཞིབ་བྱས་ནས་ནུས་རྒྱུའི་སྡེ་ཁུལ་བསྐྲུན་ཡོད། རྣམ་གྲངས་ཀྱི་མ་དངུལ་དང་ཨར་ལས་ཐད་ཡོ་རོབ་མནའ་འབྲེལ་གྱིས་རྒྱབ་སྐྱོར་བྱེད་པ་དང་། ལག་རྩལ་ཞིབ་སྤེལ་དང་མི་སྣ་གསོ་སྦྱོང་དེ་ཆེད་ལས་ཀྱི་ཁེ་ལས་ཀྱིས་འགན་འཁུར་བ། ཡུལ་དེའི་གྲོང་མི་ཐུན་མོང་དབང་མཁན་གྱི་ཐོབ་ཐང་ཐོག་ནས་ཞུགས་པ། དུད་ཚང་མི་རེ་ངོ་རེས་ཡོ་སྒོར་1000བཏང་ནས་ནུས་རྒྱུའི་མཉམ་ལས་ཁང་ཐོ་འགོད་བྱས་ནས་བཙུགས་པ། བརྒྱུད་རིམ་ཧྲིལ་པོར་ནུས་རྒྱུ་བེད་སྤྱོད་དང་གཉེར་སྐྱོང་རང་བདག་དབང་ཆ་ལྡན་ཡོད། མིག་སྔར་དབྱིན་ཧྥེ་སི་ཐཱར་གྱི་ཁྱིམ་ཚང་ཕྱེད་ཀ་ཡན་རང་མོས་ངང་དེའི་ནང་ཞུགས་ཡོད་པ་རེད།
“ཅ་ལི་ཤིས་ཡ་ཁུལ་ཆེན་གྱི་མི་འབོར་65%ཡན་གྲོང་གསེབ་ཏུ་འཚོ་བ་སྐྱེལ་བ་མ་ཟད། ད་དུང་གྲོང་ཚོ་ཐ་ཐོར་དུ་གནས་སྟབས་གློག་དང་དྲོད་གཏོང་སྐབས་མ་དངུལ་མང་པོ་གཏོང་དགོས”ཞེས་ཅ་ལི་ཤིས་ཡ་ཁུལ་ཆེན་གྲོང་གསེབ་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་ཕཱ་སི·ལུའོ་ཏེ་ལི་ཀེ་སི་ཡིས་བརྗོད་པ་དང་། ཁོང་གིས་རྣམ་གྲངས་ནང་གྲོང་ཚོ་རེ་ནས་དུད་ཚང་15ཞུགས་རྒྱུའི་འཆར་གཞི་ཡོད་རུང་ད་ཆ་དངོས་སུ་ཞུགས་མཁན་གྱི་གྲངས་འབོར་ལྡབ་འཕར་བྱུང་ཡོད། གང་ལགས་ཤེ་ན་གྲོང་མིར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པས་ཡིན་ཞེས་བཤད། ད་ལོའི་སྟོན་དུས་སུ་དབྱིན་ཧྥེ་སི་ཐཱའི་སྐྱེ་དངོས་ནུས་རྒྱུ་དང་ཉི་ནུས་གློག་གཏོང་བཟོ་གྲྭ་དངོས་སུ་སྤྱོད་འགོ་ཚུགས་ནས། དེར་ཞུགས་མཁན་ཁྱིམ་ཚང་གིས་རང་བརྟེན་དྲོད་རླངས་མཁོ་འདོན་ཐུབ་པ་དང་། གོམ་སྟབས་རྗེས་མར་ཁང་པ་ཚང་མར་གློག་གཏོང་བའི་རང་མཁོ་རང་འདོན་མངོན་འགྱུར་ཐུབ་རྒྱུ་རེད། “སྔོན་ཆད་ང་ཚོས་དྲོད་གཏོང་མ་ལག་སྒྲིག་སྦྱོར་དང་བེད་སྤྱོད་བྱེད་པའི་མ་གནས་ཧ་ཅང་མཐོ་བས། ཤིང་ཆར་བརྟེན་ཏེ་དྲོད་ཁུག་ཐབས་བྱེད་པས་ཁོར་ཡུག་སྲུང་སྐྱོང་ལ་གནོད་འཚེ་བཏང་བ་མ་ཟད། ད་དུང་མི་མང་པོ་མཁོ་སྟབས་གཞིས་ལུས་རྒན་རྒོན་མང་པོ་ཞིག་གིས་སྒྲུབ་ཐབས་བྲལ་ཡོད” གྲོང་མི་ཕ་ཏེ་ལུང་གིས་ནུས་རྒྱུའི་སྡེ་ཁུལ་རྣམ་གྲངས་ཀྱིས་རིན་གོང་ཁེ་བའི་གློག་གཏོང་ཐུབ་པ་མ་ཟད། ད་དུང་མི་རྒྱུ་གྲོན་ཆུང་ཐུབ་ནས་གྲོང་མིས་སྔར་བས་ལེགས་པའི་ངང་ཞིང་ལས་ཐོན་སྐྱེད་བྱེད་ཐུབ་ཅེས་བཤད།
སི་ཕེན་ལ་སྐྱེ་ལྡན་ནུས་རྒྱུ་དང་། ཉི་ནུས། རླུང་ནུས་སོགས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་ཕུན་སུམ་ཚོགས་པོ་ལྡན་ཞིང་། ད་ཆ་གྲོང་གསེབ་མང་པོ་ཞིག་དབྱིན་ཧྥེ་སི་ཐཱ་བཞིན་རང་ངོས་ཀྱི་ལྗང་མདོག་གི་མི་མངོན་པའི་ནུས་པ་སྔོག་འདོན་གཏིང་ཟབ་བྱས་ནས་ཐཱན་ཉུང་སྐྱེ་ཁམས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གཉིས་ཁེའི་ལམ་བུ་གཏོད་བཞིན་ཡོད།
“2024ལོར། ཅ་ལི་ཤིས་ཡ་ཁུལ་ཆེན་གྱི་གློག་ཤུགས་84.6%ཚང་མ་རླུང་ནུས་དང་ཆུ་ནུས་སོགས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་ལས་བྱུང་ཞིང་། དྲོད་གཏོང་ཁྱབ་ཁོངས་སུ་སྐྱེ་ལྡན་ནུས་རྒྱུས་རིམ་བཞིན་འགྱུར་རྡོའི་འབུད་རྫས་ཀྱི་ཚབ་བྱེད་ཀྱི་ཡོད”ཅེས་ཅ་ལི་ཤིས་ཡ་ཁུལ་ཆེན་གྱི་ནུས་རྒྱུ་འཆར་འགོད་དང་གཏེར་ལས་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཕ་པོའོ་ལུའོ·ཧྥེར་ནན་ཏེ་སི་ཡིས་བཤད་པ་དང་། ཁོང་གིས་ཡུལ་དེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ནུས་རྒྱུའི་འཛད་སྤྱོད་གྲུབ་ཆ་འདྲ་རུང་། གྲོང་གསེབ་ས་ཁུལ་ལ་དཔལ་འབྱོར་ཆ་རྐྱེན་གྱི་ཚོད་འཛིན་ཕོག་ནས་སྐྱེ་ལྡན་ནུས་རྒྱུ་གསར་སྤེལ་གྱི་དགོས་མཁོ་སྔར་བས་ཆེ་རུ་སོང་ཡོད། མིག་སྔར་ཅ་ལི་ཤིས་ཡ་ཁུལ་ཆེན་གྱིས་ཁུལ་ཁོངས་གསར་པ་ཁག་12སུ་ཚོད་ལྟའི་ལས་དོན་སྤེལ་ནས་ནུས་རྒྱུའི་སྡེ་ཁུལ་འཛུགས་སྐྲུན་གྱི་ཁྱབ་རྒྱ་ཆེ་རུ་དང་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
འབྲེལ་ཡོད་གསར་འགྱུར།