ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོ་ཐེངས་བཅུ་གཉིས་པ།
ས་གནས་ཁག་གིས་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ།

འདི་ནི་ཟླ་12ཚེས་13ཉིན། ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་མཛད་སྒོ་འཚོག་ཡུལ་གྱི་རྣམ་པ་སྒམ་བརླིང་ལྡན་ཞིང་རྒྱལ་དར་ཕྱེད་ཀ་ཕབ་ཡོད་པ།
ཟླ་12ཚེས་13ཉིན། གནམ་ངོ་འཐིབས་ནས་ཆར་པ་སིམ་སིམ་བབས་ཤིང་། ཅང་སུའུ་ནན་ཅིན་གྲོང་ཁྱེར་དུ་གྲང་རླུང་ཁྲོད་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོ་ཐེངས་བཅུ་གཉིས་པ་བསུས་པ་རེད།
ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོ་འཚོགས་པ་དང་དུས་མཚུངས་སུ། ནན་ཅིང་གྲོང་ཁྱེར་གྱི་ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་སྤུན་ཟླ་དུར་འཇུག་བྱ་ཡུལ་ཁག་17དང་། སྡེ་ཁུལ་ཁག་12 རི་འགོག་དམག་འཁྲུག་དང་འབྲེལ་ཡོད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཁག་6བཅས་སུ་དུས་མཉམ་དུ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་ཞིང་། རྒྱལ་ཡོངས་ས་གནས་ཁག་གིས་ཀྱང་མྱ་ངན་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།
ཚེས་13ཉིན་གྱི་ས་སྲོད་ཙམ་ལ། ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གིས་ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་སྤུན་ཟླའི་དྲན་གསོ་ཁང་གི་ཞི་བདེ་ཐང་ཆེན་དུ་ལ་འོད་ལམ་ལམ་འཚེར་བ་དང་། རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་འཐུས་མིས་གྱོན་གོས་དཀར་པོ་གྱོན་པ་དང་ལག་ཏུ་དཀར་མེ་བཟུང་ནས“དཀར་མེའི་མཆོད་འབུལ·རྒྱལ་སྤྱིའི་ཞི་བདེའི་འདུ་འཛོམས”ཀྱི་བྱེད་སྒོར་ཞུགས་ནས་མཉམ་དུ་འདས་པོར་རྗེས་དྲན་ཟབ་མོ་དང་ཞི་བདེ་ཡོང་བའི་སྨོན་འདུན་ཞུས་པ་རེད།
གྲོགས་པོ་རི་པིན་བ་ཧྲན་ནེ་ཞའོ་ཡེ་ཙིས་ཚོགས་པ་ཁྲིད་ནས་ནན་ཅིང་དུ་མྱ་ངན་ཞུ་བའི་བྱེད་སྒོར་ཐེངས་20ཙམ་ཞུགས་ཡོད། ཁོང་གིས“ང་ཚོ་ནི་གནོད་འཚེ་བཟོ་མཁན་རྒྱལ་ཁབ་ཀྱི་རྒྱལ་དམངས་ཡིན་པའི་ངོས་ནས་རང་ཉིད་ཀྱི་མེས་པོའི་མི་རབས་ཚོས་དམག་འཁྲུག་གང་འདྲ་བསླངས་པ་དང་སྡིག་ཉེས་ཅི་ཞིག་བསགས་པ་ཤེས་རྟོགས་བྱས་ཏེ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་དགོས་པས། ཐབས་ཤེས་ཡག་ཤོས་ནི་མི་རྣམས་ནན་ཅིང་དུ་ཡོང་ནས་ཡུལ་འདིའི་འབོད་སྒྲ་ཉན་དུ་འཇུག་རྒྱུ་དེ་རེད”ཅེས་བརྗོད་པ་རེད།
ལོ་ངོ་88ཀྱི་གོང་། འཇར་མན་པ་གཡོད་ཧན·ལ་པེ་ཡིས་ཉེན་ཁ་ཆེན་པོར་མ་འཛེམས་པར“ནན་ཅིང་བདེ་འཇགས་ཁུལ”བཙུགས་ནས་ཀྲུང་གོ་བ་ཁྲི་25ལྷག་ལ་ཉེན་གཡོལ་བྱེད་ས་མཁོ་འདོན་བྱས་ཡོད། ཁོང་གིས་བྲིས་པའི《ལ་པེའི་ཉིན་ཐོ》ནི་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་གཏུམ་སྤྱོད་ཀྱི་དན་རྟགས་སུ་གྱུར། ལ་པེའི་ཡང་ཚ་ཁེ་ལི་སི་ཐུའོ་ཧྥུའུ·ལའེ་དབྱིན་ཧ་ཐེ་ད་རེས་ཀྲུང་གོར་ཡོང་ནས་དྲན་གསོ་ཁང་ལ་རིག་དངོས་དང་ལོ་རྒྱུས་དཔྱད་ཡིག་ཞལ་འདེབས་ཕུལ་བ་རེད།
ཁེ་ལི་སི་ཐུའོ་ཧྥུའུ·ལའེ་དབྱིན་ཧ་ཐེ་ཡིས། ལོ་རྒྱུས་བློ་ལ་བརྟན་པོར་ངེས་མཁན་གྱིས་གཞི་ནས་བསླབ་བྱ་བླངས་ཏེ་སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་ཆེད་རྨང་གཞི་འདིང་ཐུབ་ཅེས་བརྗོད་ཡོད།
ལོ་རྒྱུས་ནི་རྒྱལ་ཁབ་དང་མིའི་རིགས་ཀྱི་བྱུང་རབས་ཡིན་ལ། སློབ་དེབ་ཡག་ཤོས་ཤིག་དེ་བས་ཀྱང་རེད།
ཚེས་13ཉིན་གྱི་སྔ་དྲོར། 2025ལོའི“ལོ་རྒྱུས་སྦྱོང་། ཞི་བདེར་བསྟོད། གྱེར་ཀློག་བྱེད”ཅེས་པའི་དྲ་ལམ་འཛིན་གྲྭའི་ཚོགས་འདུ་ནན་ཅིང་གྲོང་ཁྱེར་དང་ལེའོ་ཉིང་གི་ཧྲེན་དབྱང་གྲོང་ཁྱེར། པིན་ཞི་གྲོང་ཁྱེར། ཧུའུ་ནན་གྱི་ཧོའེ་ཧྭ་གྲོང་ཁྱེར། ཧུའུ་པེའི་ཧྲི་ཡན་གྲོང་ཁྱེར་བཅས་ཀྱི་སློབ་ཆུང་5རུ་དུས་མཉམ་དུ་འཚོགས་པ་དང་ཞིང་ཆེན་16གི་སློབ་གྲྭ་བརྒྱ་ཙམ་གྱི་དགེ་སློབ་ཚོས་ཐད་གཏོང་ལ་བལྟས་པ་རེད།
ནན་ཅིང་གྲོང་ཁྱེར་ལང་ཡ་ལམ་སློབ་ཆུང་གི་དྲ་ལམ་འཛིན་གྲྭའི་ཚོགས་འདུའི་སློབ་ཚན་གཙོ་བོ་འཚོག་ཡུལ་དུ། ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་སྤུན་ཟླའི་དྲན་གསོ་ཁང་གི་ལོ་རྒྱུས་དཔྱད་ཡིག་ཞིབ་འཇུག་པུའུ་ཡི་ཞིབ་འཇུག་པ་གཞོན་པ་ཝང་ལི་ཡིས་གློག་བརྙན《ནན་ཅིང་གི་པར་ལེན་ཁང》གི་གཏམ་རྒྱུད་མ་དཔེའི་ནང་གི“ཅིང་ཡིག་དཔང་རྟགས་ཨང་དང་པོ”ནས་འགོ་བཙུགས་ཏེ་སློབ་གྲོགས་ཚོར་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོའི་དོན་སྙིང་འགྲེལ་བཤད་བརྒྱབ་པ་རེད།
“ད་རེས་དྲ་ལམ་འཛིན་གྲྭའི་ཚོགས་འདུ་ནས་ང་ལ་མྱོང་ཚོར་བྱུང་བ་ནི།‘ལོ་རྒྱུས་བློ་ལ་བརྟན་པོར་ངེས། ཞི་བདེར་གཅེས་སྤྲས་བྱེད་པ’ནི་ནན་ཅིང་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་འགན་འཁྲི་ཡིན་པ་མ་ཟད། དེ་བས་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་གཞོན་ནུ་ལོ་ཆུང་གི་ཐུན་མོང་བསམ་འདུན་ཡང་ཡིན། ངས་དེ་རིང་ནམ་ཡང་ཡིད་ལ་བརྟན་པོར་བཅངས་ནས་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་ཆེད་སློབ་སྦྱོང་ཧུར་ཐག་བྱེད་ངེས་ཡིན”ཞེས་ལང་ཡ་ལམ་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མ་ཝང་ཞའོ་ཤན་གྱིས་བཤད།
ཚེས་13ཉིན། པེ་ཅིང་དུ་ལུའུ་ཀོའུ་ཟམ་པ་དང་། ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་གི་མདུན། ཝན་ཕིང་མཁར་གྱང་འོག་བཅས་སུ་གྲོང་མི་མི་ཉུང་བ་ཞིག་ཆེད་མངགས་བསྐྱོད་ནས་གུས་མཇལ་དང་མྱ་ངན་ཞུས་པ་རེད།
སྔ་དྲོའི་ཆུ་ཚོད་10པར། རི་འགོག་དམག་འཁྲུག་གི་འཇིམ་བརྙན་གླིང་དུ་གཉེར་བའི“ལོ་རྒྱུས་བློ་ལ་བརྟན་པོར་ངེས། ཞི་བདེར་གཅེས་སྤྲས་བྱེད་པ”བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་དངོས་སུ་འགོ་ཚུགས་ཤིང་། ཧྥེང་ཐའེ་སློབ་འབྲིང་གཉིས་པའི་ལུའུ་ཀོའུ་ཟམ་པ་སློབ་གྲྭ་ནས་ཡོང་བའི“འགྲེལ་བཤད་པ་ཆུང་ཆུང”ཚོས་ཁ་གསལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ནན་ཅིང་དམར་གསོད་ཆེན་པོའི་ལོ་རྒྱུས་ཀྱི་དོན་དངོས་བརྗོད་པ་རེད།
ཉིན་དེར། ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་གི་སྔོན་འགྲོའི་ཚོམས་ཆེན་དུ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ་རེད།
ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། ཧྲེན་དབྱང་གྲོང་ཁྱེར་གྱི“དགུ·གཅིག་བརྒྱད”ལོ་རྒྱུས་རྟེན་མཛོད་ཁང་དུ་སྤྱི་མཆོད་བྱེད་སྒོའི་ངག་བསྡམས་མྱ་ངན་ཞུ་བའི་བརྡ་གྲགས་པ་དང་བསྟུན། ཚང་མས་མགོ་བོ་བསྒུར་བ་དང་ཁུ་སིམ་པོར་ལངས་ནས་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་མཁན་སྤུན་ཟླ་དང་དེ་བཞིན་རི་འགོག་དམག་འཁྲུག་གི་དཔའ་བོ་ཡོངས་ལ་ངག་བསྡམས་མྱ་ངན་ཞུས་པ་རེད།
མྱ་ངན་ཞུ་བའི་བྱེད་སྒོ་འགོ་ཚུགས་རྗེས། མི་རྣམས་ཀྱིས་རྡོ་རིང་བཏིང་མར་དཀར་མེ་ཕུལ་ནས་མྱ་ངན་ཞུ་སེམས་མཚོན་ཡོད། རྟེན་མཛོད་ཁང་གི་དང་བླངས་པ་ཆུང་ཆུང་གི་འཐུས་མིས་བརྩེ་བ་ཟབ་མོའི་སྒོ་ནས་རྒྱལ་ཁབ་ཀྱི་སྤྱི་མཆོད་བརྐོས་ཡིག་གྱེར་འདོན་བྱས། འགྲེམས་ཁང་དུ་ཧྲེན་དབྱང་རོལ་དབྱངས་སློབ་གླིང་གི་སློབ་མ་30ཡིས་བླངས་་པའི《སུང་ཧྭ་གཙང་པོའི་སྟེང》ཞེས་པའི་སྐྱོ་གླུ་ཡི་ནང་དགུ་གཅིག་བརྒྱད་ཀྱི་དུས་འགྱུར་ཐོན་རྗེས་བྱང་ཤར་ས་ཆའི་མི་དམངས་ཀྱི་དཀའ་སྡུག་དང་རི་འགོག་རྒྱལ་སྐྱོབ་ཀྱི་བསམ་འདུན་ཆེན་པོ་མངོན་པར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།