དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཕྱི་རོལ་ཡུལ་གྱི་ཚོད་འཛིན་དང་ནང་སྐྱེས་སྒུལ་ཤུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-16

    བྱ་དངོས་གང་རུང་གི་འཕེལ་རྒྱས་དང་འགྱུར་ལྡོག་ནི་ནང་རྐྱེན་དང་ཕྱི་རྐྱེན་གཉིས་ལས་ཐོན་པའི་འབྲས་བུ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཕྱི་རོལ་ཡུལ་གྱི་ཚོད་འཛིན་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད་ལ། སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་མཉམ་དུ་སྲུང་སྐྱོང་བྱེད་པའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས་ཞེས་མཛུབ་སྟོན་གཏིང་ཟབ་གནང་ཡོད། ཕྱི་རོལ་ཡུལ་གྱི་ཚོད་འཛིན་དང་ནང་སྐྱེས་སྒུལ་ཤུགས་ལས་ཕྱི་རྐྱེན་དང་ནང་རྐྱེན་གྱི་རྩོད་སྒྲུབ་གཅིག་གྱུར་དང་། ཕན་ཚུན་གྱི་འབྲེལ་བ། ཕན་ཚུན་གྱི་འགྱུར་ལྡོག་བཅས་ཀྱི་བླང་བྱ་མངོན་པས། ང་ཚོར“ཕྱི་ནང་མཉམ་སྒྲུབ”ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་མཁོ་འདོན་བྱས་ཡོད།

    སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པར་ངེས་པར་དུ་ལམ་ལུགས་དང་ཁྲིམས་སྐྱོང་ལ་བརྟེན་དགོས། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བོད་ཀྱི་རང་ངོས་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན་པ་མ་ཟད། དེ་བས་རྒྱལ་ཁབ་ཀྱི་འཐབ་ཇུས་རིམ་པའི་བླང་བྱ་ཡང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་རྒྱུན་ཆད་མེད་པ་བཏང་བ་བརྒྱུད། རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་དང་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་བཟོ་རྒྱུར་སྐུལ་འདེད་བཏང་བ་དང《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པ་མ་ཟད། 《བོད་རང་སྐྱོང་ལྗོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་འཁྱགས་རོམ་སྲུང་སྐྱོང་སྲོལ་ཡིག》སོགས་ཁྲིམས་ལུགས་ཁྲིམས་སྲོལ་རབ་དང་རིམ་པ་ཁྱབ་བསྒྲགས་ལག་བསྟར་བྱས་ཡོད་ལ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི“1+8”ཀྱི་ལམ་ལུགས་མ་ལག་བསྐྲུན་ནས་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པར་ཁྲིམས་སྐྱོང་འགན་སྲུང་མཁོ་འདོན་བརྟན་པོ་བྱས་ཡོད། དུས་མཚུངས་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འགལ་ངང་བཙོག་འབུད་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་སྟེ། བསྟུན་སའི་ཁྲིམས་ཡོད་པ་དང་། ཁྲིམས་ཡོད་ཕྱིན་ངེས་པར་དུ་བརྩི་སྲུང་ཞུ་བ། ཁྲིམས་འཛིན་ངེས་པར་དུ་ནན་པོ་བྱེད་པ། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བཅས་བྱས་ཏེ་ཁྲིམས་ལུགས་འདི་ཉིད་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་མཚོན་ཆ་ནུས་ལྡན་ཞིག་ཏུ་འགྱུར་བར་བྱེད་དགོས།

    སྐྱེ་ཁམས་ཤེས་དཔལ་ནི་མི་དམངས་མང་ཚོགས་མཉམ་དུ་ཞུགས་པ་དང་། མཉམ་དུ་འཛུགས་སྐྲུན། མཉམ་དུ་ལོངས་སྤྱོད་བཅས་བྱེད་པའི་བྱ་གཞག་ཅིག་ཡིན་པ་དང་མི་ཚང་མ་ནི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་མཁན་དང་། འཛུགས་སྐྲུན་བྱེད་མཁན། ཕན་པ་ཐོབ་མཁན་བཅས་ཡིན་པས། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་དང་འཚམ་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་སྤེལ་ནས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཁྱབ་གདལ་ཧུར་ཐག་གཏོང་མཁན་དང་དཔེ་བཟང་ལག་བསྟར་བ་ཞིག་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་ཡོད། ངོ་མཚར་ཆེ་བའི་གངས་ལྗོངས་ས་མཐོར་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཕན་ཚུན་མཉམ་འདྲེས་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱུང་ཡོད། གངས་ལྗོངས་ས་མཐོར་འཚོ་སྡོད་བྱེད་མཁན་མི་རྣམས་ཀྱིས་རང་བྱུང་ཁམས་རྩ་ཆེ་ལ་སྐྱེ་ཁམས་ཉམས་ཞན་ཡིན་པ་གཏིང་ཟབ་ཚོར་གྱི་ཡོད་པས། ཁོང་ཚོས་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བསྟུན་ཏེ་མི་རབས་ནས་མི་རབས་བར་དག་ཞིང་དེ་སྲུང་བཞིན་ཡོད། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་ཕན་ཁེ། སྐྱེ་ཁམས་དམངས་ཆེད་བཅས་མཐའ་འཁྱོངས་དང་། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་དར་སྤེལ་དང་སྐྱེ་ཁམས་རིག་གནས་སྐྱེད་སྲིང་། ལྗང་མདོག་དང་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དེ་གོམས་སྲོལ་ཞིག་ཏུ་འགྱུར་བ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ནང་མི་དམངས་མང་ཚོགས་ཚོས་རང་བྱུང་གི་མཛེས་སྡུག་དང་། ཚེ་སྲོག་གི་མཛེས་པ། འཚོ་བའི་མཛེས་སྡུག་བཅས་མཉམ་སྤྱོད་བྱེད་པ། ནང་སྐྱེས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བཅས་བྱས་ཏེ་མི་ཚང་མས་དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་ཤེས་དཔལ་གོང་དུ་བཀུར་བའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གྲུབ་ཡོད།

    ཕྱི་རོལ་ཡུལ་གྱི་ཚོད་འཛིན་ནི་ནང་སྐྱེས་སྒུལ་ཤུགས་གང་ལེགས་འཕེལ་བར་བྱེད་པའི་འགན་སྲུང་ཡིན་པ་དང་ནང་སྐྱེས་སྒུལ་ཤུགས་ནི་ཕྱི་རོལ་ཡུལ་གྱི་ཚོད་འཛིན་ལག་བསྟར་བྱེད་པའི་རྨང་གཞི་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་བཅའ་ཁྲིམས་ལ་བརྟེན་དགོས་པ་མ་ཟད། རང་གཅུན་ལའང་བརྟེན་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ངེས་པར་དུ་ཕྱི་རོལ་ཡུལ་གྱི་ཚོད་འཛིན་དང་ནང་སྐྱེས་སྒུལ་ཤུགས་ཀྱི་ཚན་རིག་དང་མཐུན་པའི་ནང་དོན་ལ་གནད་ལ་འཁེལ་བའི་སྒོ་ནས་གོ་བ་ལོན་པ་དང་ཁོང་དུ་ཆུད་པར་བྱེད་པ་དང་། དེ་གཉིས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཆེས་ནན་ཤོས་ཀྱི་ལམ་ལུགས་དང་ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། རྒྱུན་རྣམ་ཅན་གྱི་ཕྱི་རོལ་གྱི་གནོན་ཤུགས་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གང་མགྱོགས་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་མཉམ་དུ་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།