དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྲིད་ཇུས་སྒོ་རྩར་བསྐྱལ། སེམས་མཐུན་སྒོ་འཕར་ཕྱེ།

    ——ཆབ་མདོ་གྲོང་ཁྱེར་གྱིས“ཁེ་ལས་ལ་ཕན་པའི་སྲིད་ཇུས་སྤྱད་དེ་ཞབས་འདེགས་གནད་སྨིན་ཞུ་བའི་བྱ་སྤྱོད”སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-16

    ཉེ་ཆར་ཆབ་མདོའི་བོད་སྨན་ཁེ་ལས་ཤིག་གི་ཐོན་སྐྱེད་འཁོར་ཁང་དུ་ཁྲུང་ཆིང་གི་རིགས་གཅིག་མཁས་ཅན་ཚོགས་པས་གློག་སྤྱོད་ཀྱི་སྒྲིག་ཆས་ལ་ཞིབ་བཤེར་ནན་པོ་བྱས་ནས་ཁེ་ལས་ཀྱི་འགན་འཁུར་བར་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་གློག་རིན་ཁ་གསབ་སྲིད་ཇུས་ཀྱི་འདུན་ཞུའི་བརྒྱུད་རིམ་དང་ཞིབ་དཔྱད་ཀྱི་གཙོ་གནད་ལ་ཆ་ལག་ཚང་བའི་འགྲེལ་བཤད་བརྒྱབ་པ་རེད།

    ཉེ་དུས་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་ཁྲུང་ཆིང་གི་ཁེ་ལས་འབྲིང་ཆུང་ཞབས་ཞུའི་ལས་སྟེགས་ཀྱི་རིགས་གཅིག་མཁས་ཅན་ཚོགས་པ་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11དང་དེ་བཞིན་ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་ལ་བསྐྱོད་དེ། ཁེ་ལས་ལ་ཚད་ལྡན་རིམ་སྤོར་རྩིས་འཇུག་གི་མཛུབ་ཁྲིད་དང་གསར་གཏོད་རྣམ་པའི་ཁེ་ལས་ཆུང་གྲས་ལ་གདེང་འཇོག་བྱས་ཏེ། ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་ཀྱི་འདུན་ཞུ་དང་གློག་རིན་ཁ་གསབ་ཀྱི་འདུན་ཞུ་སོགས་ཀྱི་སྲིད་ཇུས་ཞབས་འདེགས་ཕྱོགས་ཡོངས་ནས་ཞུས་པ་རེད།

    ཞབས་འདེགས་ཞུ་སྟངས་གསར་དུ་བཏོད་པ།

    “སྔོན་ཆད་ཁེ་ལས་ཁག་གཅིག་གིས་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བའི་ཆེད་སྤྱོད་མ་དངུལ་དང་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་གློག་རིན་ཁ་གསབ་སྤྲོད་པའི་སྲིད་ཇུས་ལ་རྒྱུས་མངའ་གསལ་པོ་མེད་པས། ‘སྙན་སེང་ཞུ་མི་ཕོད་པ་དང་། སྙན་སེང་ཞུ་མི་ཤེས་པའི’སྣང་ཚུལ་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཁེ་ལས་འབྲིང་ཆུང་ཁོའོ་ཡི་འགན་འཁུར་བས་བརྗོད།

    དེར་བརྟེན། ཅུས་དེས་ལས་ཀ་བྱེད་སྟངས་གསར་གཏོད་བྱས་ཏེ། “ཁེ་ལས་ཀྱིས་སྲིད་ཇུས་འཚོལ་བ”ནས“སྲིད་ཇུས་ཀྱིས་ཁེ་ལས་འཚོལ་བའི”བར་འགྱུར་ལྡོག་བཏང་ནས་བསྡོམས་རྩིས་དང་ཚོང་འགུགས་སོགས་སྡེ་ཚན་དང་མཉམ་དུ་གྲོང་ཁྱེར་དེའི་ཁེ་ལས་ཡོངས་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ་རིམ་པ་དང་རིགས་དབྱེ་བའི་སྐབས་བསྟུན་སྐྱེད་སྲིང་མཛོད་བཙུགས་ནས་གཙོ་གནད་ཁེ་ལས་ཡོངས་ལ་ཁྱབ་པར་བྱས་ཡོད།

    2025ལོར་ཆབ་མདོ་གྲོང་ཁྱེར་གྱིས་གཏིང་ཤུགས་ལྡན་པའི་ཁེ་ལས་ཁག་གཅིག་་གཙོ་གནད་དུ་སྐྱེད་སྲིང་བྱས་པ་ལས། ཁེ་ལས་1ཚད་ལྡན་རིམ་སྤོར་རྩིས་འཇུག་བྱས་པ་དང་། ཁེ་ལས་4སྐྱེད་སྲིང་ཤུགས་ཆེན་བྱ་ཡུལ་དུ་བཅུག་ཡོད། གཏིང་ཤུགས་ལྡན་པའི་ཁེ་ལས་ལ་དམིགས་ཏེ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ལས་དོན་པ་དང་ཁྲུང་ཆིང་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས“སྲིད་ཇུས་ཀྱི་བྱ་ཐབས”ལ་བརྟེན་ནས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་བསྐྱོད་དེ་མངགས་བཀོད་བཞིན་ཟུར་ཁྲིད་བྱས་པ་རེད།

    སྲིད་ཇུས་ཀྱི་ཕན་པ་སྤྲད་པ།

    ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་གློག་རིན་ཁ་གསབ་སྲིད་ཇུས་ནི་རང་སྐྱོང་ལྗོངས་ཀྱིས་ཁེ་ལས་ཀྱི་ལས་གཉེར་མ་གནས་དམའ་རུ་བཏང་ནས་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད།

    ད་ལོའི་དུས་ཚིགས་དང་པོའི་སྲིད་ཇུས་དོན་འཁྱོལ་བྱེད་རིང་། ཆབ་མདོ་གྲོང་ཁྱེར་གྱིས་གློག་རིན་ཁ་གསབ་མ་དངུལ་སྒོར་ཁྲི་351.45ཐད་ཀར་ཁེ་ལས་ཀྱི་རྩིས་ཐོར་བསྒྱུར་ནས་དོན་འཁྱོལ་བྱས་པའི་དངུལ་འབོར་དེ་དུས་མཚུངས་ལས་422%འཕར་ཏེ་ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)11དང་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁེ་ལས་མང་པོར་ཕན་པ་ཐོབ་ཡོད།

    ཁེ་ལས་སྔར་ལས་མང་བར་ཁེ་སྤོགས་འདི་རིགས་ཐོབ་ཆེད། ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་རྫོང(ཆུས)11དང་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལས་དོན་པ་སྒྲིག་འཛུགས་བྱས་ནས་ཐོན་སྐྱེད་ཀྱི་གློག་རིན་ལོགས་སུ་རྩིས་རྒྱག་མ་ཐུབ་པའི་ཁེ་ལས་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་ཏེ། 2026ལོར་སླེབས་སྐབས་གློག་རིན་ཁ་གསབ་ཁྱོན་ཡོངས་ལ་ཁྱབ་ནས་ཁེ་ལས་སྔར་ལས་མང་བར་ཕན་པ་ཐོབ་པ་བྱ་རྒྱུ་རེད།

    སྐས་རིམ་གྱི་གསོ་སྐྱོང་རྒྱུན་འཁྱོངས་བྱས་པ།

    ཁེ་ལས་སྒེར་གྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ་དང་སྦྲགས་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་མིག་རྒྱང་སྔར་བས་རིང་པོས་ཁེ་ལས་ལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི“འཚར་ལོངས་དུས་རིམ”ཞིག་བསྐྲུན་ཏེ། ཕྱོགས་རྐྱང་པའི་ཁེ་ལས་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་བར་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་བ་རེད།

    བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས《སྤུས་ལེགས་ཁེ་ལས་འབྲིང་ཆུང་གི་སྐས་རིམ་སྐྱེད་སྲིང་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ལ་གཞིགས་ནས་ཆབ་མདོ་གྲོང་ཁྱེར་གྱིས་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་དང་། ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་། ཆེད་ཞིབ་ཁྱད་གསར་བཞིའི“གྱད་མི་ཆུང་ངུའི”ཁེ་ལས་བཅས་ཀྱི་རིམ་གསུམ་སྐྱེད་སྲིང་སྒྲིག་གཞི་ནུས་ཤུགས་ཡོད་རྒུས་གསར་འཛུགས་བྱས་པ་མ་ཟད། ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་ཡང་གཙོ་གནད་སྐྱེད་སྲིང་བྱེད་ཁོངས་ལ་བརྩིས་ཡོད།

    ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ལོ་པོས“ཁེ་ལས་ལ་མཐིལ་རྟོགས་བརྟག་དཔྱད་ཞིབ་ཕྲ་བྱས་ཏེ་ཚད་ལྡན་རིམ་སྤོར་རྩིས་འཇུག་གི་རྗེས་གྲབས་ཁེ་ལས་མཛོད་འཐུས་སྒོ་ཚང་དུ་ཟམ་མི་ཆད་པར་བཏང་ནས་རྫོང(ཆུས)11དང་ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།