དོན་དངོས་དང་ཟུང་འབྲེལ་གྱིས་དུས་བབ་གསར་པའི་དཔལ་འབྱོར་ལས་དོན་ལེགས་པར་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་གོ་བ་ཡག་པོ་ལེན་དགོས།
—— ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
ཆོས་ཉིད་ངོས་འཛིན་དང་། ཆོས་ཉིད་ལ་བརྩི་འཇོག ཆོས་ཉིད་བེད་སྤྱོད་བཅས་བྱེད་པ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་གལ་ཆེན་ཞིག་རེད།
ངེས་པར་དུ་དཔལ་འབྱོར་གྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་དགོས་པ་དང་། ངེས་པར་དུ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྒྱུར་བཅོས་གསར་གཏོད་མཉམ་འཛིན་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ“ལྷུག་ཏུ་གཏོང་ཕོད”ལ“དོ་དམ་ཡང་ཡག་པོ་ཐུབ་པ”བྱེད་དགོས་པ། ངེས་པར་དུ་དངོས་པོར་མ་དངུལ་གཏོང་བ་དང་མི་ལ་མ་དངུལ་གཏོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་རང་ངོས་སྦྱོང་བརྡར་ལ་བརྟེན་ནས་ཕྱི་ཕྱོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པ་བཅས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྙིང་བསྡུས་བཅུད་ལེན་བྱས་པའི“ངེས་པར་དུ་ལྔ”ནི། རང་རེའི་ཏང་གིས་འཕེལ་རྒྱས་གཏོང་བའི་ལག་ལེན་ལ་ཁྲིད་སྟོན་བྱས་པའི་རྨང་གཞིའི་ཐོག དུས་བབ་གསར་པའི་དཔལ་འབྱོར་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་བྱུང་བའི་ངོས་འཛིན་ཟབ་ཏུ་བཏང་སྟེ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དེ་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ་ཞིག་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཡོང་ངེས་ཡིན་པས། “ངེས་པར་དུ་ལྔ”དེ“ལོ་ལྔ་ཚན་བཅོ་ལྔ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ངོས་ནས་བརྗོད་ན་ཁྲིད་སྟོན་གྱི་རང་བཞིན་དང་དམིགས་སའི་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་ལ། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་སྒྲུབ་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་སྟབས་བརྟན་པོ་སྤོ་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་པར་བྱ་སྤྱོད་ཀྱི་ཁྲིད་སྟོན་ཡང་བྱས་ཡོད།
དཔལ་འབྱོར་གྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་དགོས་ཞེས་པ་ནི། ཐོན་ལས་ཀྱི་མ་ལག་ཆ་ཚང་བ་དང་ཁྲོམ་རའི་གཞི་ཁྱོན་ཤིན་ཏུ་ཆེ་བ་སོགས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ། མངོན་མེད་སྟོབས་ཤུགས་སྒུལ་ཤུགས་སུ་བསྒྱུར་ནས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པར་བྱེད་དགོས་པ་དེ་ཡིན་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྒྱུར་བཅོས་གསར་གཏོད་མཉམ་འཛིན་རྒྱུན་འཁྱོངས་བྱེད་དགོས་ཞེས་པ་ནི། གནད་དོན་རྙིང་པ་དང་འགྲན་སློང་གསར་པར་ཐད་ཀར་ཁ་གཏད་བཅག་སྟེ། སྤྱི་ཁོག་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་ཏན་ཏིག་སྒྲུབ་རིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དེ་ཡིན་པ། “ལྷུག་ཏུ་གཏོང་ཕོད”ལ“དོ་དམ་ཡང་ཡག་པོ་ཐུབ་པ”བྱེད་དགོས་ཞེས་པ་ནི། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་གང་ལེགས་འདོན་དགོས་ལ། སྲིད་གཞུང་གི་ནུས་པ་དེ་བས་ཡག་པོ་འདོན་དགོས་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱི་ཚོགས་ཀྱི་གསོན་ཤུགས་དེ་བས་བཅིངས་འགྲོལ་ཐུབ་པ་དང་ཇེ་ཆེར་འཕེལ་བར་བྱེད་དགོས་པ་དེ་ཡིན་པ། དངོས་པོར་མ་དངུལ་གཏོང་བ་དང་མི་ལ་མ་དངུལ་གཏོང་བ་གཉིས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱེད་དགོས་ཞེས་པ་ནི། དངོས་པོའི་མ་རྩ་དང་མི་ཤུགས་ཀྱི་མ་རྩ་གསོག་འཇོག་བྱ་རྒྱུ་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་སྤེལ་བཏང་སྟེ། དངོས་པོར་མ་དངུལ་གཏོང་བ་དང་མི་ལ་མ་དངུལ་གཏོང་བ་ཕྱོགས་གཉིས་ནས་མཐུན་རྐྱེན་སྦྱོར་བ་དང་ཕན་ཚུན་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས་པ་དེ་ཡིན་པ། རང་ངོས་སྦྱོང་བརྡར་ལ་བརྟེན་ནས་ཕྱི་ཕྱོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས་ཞེས་པ་ནི། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབས་ཏེ། དངོས་ཚན་དཔལ་འབྱོར་གྱི་རྒྱ་སྟོབས་ཆེ་རུ་བཏང་ནས་རྦ་རླབས་ཆེན་པོའི་ཁྲོད་དུ་ཕམ་པ་མེད་པར་ཐོག་མཐའ་བར་གསུམ་དུ་ལངས་ཐུབ་དགོས་པ་དེ་ཡིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས།
འདིར་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ངེས་པར་དུ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྒྱུར་བཅོས་གསར་གཏོད་ལ་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས”ཞེས་པ་གཙོ་གནད་དུ་བཟུང་ནས་དབྱེ་ཞིབ་གཏིང་ཟབ་བྱས་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ང་ཚོས་རྡབ་རྡེག་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅག་པར། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཅིང་། དེ་ནི་སྒྱུར་བཅོས་ཀྱིས་ཤུགས་བརྒྱབ་པ་དང་སྲིད་ཇུས་ཀྱིས་ཤུགས་བཏོན་པ་གཉིས་དང་ཁ་བྲལ་ཐབས་མེད། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་བ་དང《ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ(2025ལོའི་པར་གཞི)》ཡོངས་བསྒྲགས་བྱས་པ་ནས། དམངས་གཉེར་དཔལ་འབྱོར་གྱི་སྐུལ་སྤེལ་བཅའ་ཁྲིམས་ལག་ལེན་བསྟར་བ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པའི་བར་དུ། སྒྱུར་བཅོས་ཀྱི་བྱ་ཐབས་ཁག་གཅིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་ཏེ་ཁྲོམ་རའི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་ཡོད། དཔལ་འབྱོར་ཉམས་ཆག་གི་གནོན་ཤུགས་ཆེ་རུ་ཕྱིན་པའི་མདུན་དུ་ཏང་ཀྲུང་དབྱང་གིས“ལམ་ཚད་རྡོ་རིང་ལྟ་བུའི་བྱ་ཐབས”ལ་བརྟེན་ནས་འཕར་སྣོན་གྱི་སྲིད་ཇུས་རབ་དང་རིམ་པ་བློ་ཐག་ཆོད་པོས་བཀོད་སྒྲིག་བྱས་ཡོད། ད་ལོ་ཚུན་དུ། “གཙོ་གལ་གཉིས”དང“གསར་གཉིས”ཀྱི་སྲིད་ཇུས་ཀྱི་ཤུགས་ཚད་ཆེ་རུ་བཏང་བ་དང་། ཚད་གཞི་དང་སྐྱེད་ཀ་དམའ་རུ་བཏང་ནས་འཁོར་རྒྱུག་ཆེ་རུ་བཏང་བ། སྲིད་ཇུས་ཀྱིས་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག དེ་བས་གནད་འཁེལ་དང་བབ་བསྟུན་རང་བཞིན་ལ་བརྟེན་ནས་དཔལ་འབྱོར་འཁོར་རྒྱུག་ཁྲོད་འབྱུང་སྲིད་པའི་གཡོ་འགུལ་དུས་ཐོག་ཏུ་སྙོམས་ཐབས་བྱས་ཡོད།
མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་དུས་འཁོར་རང་བཞིན་དང་། གྲུབ་ཆའི་རང་བཞིན། སྒྲིག་སྲོལ་རང་བཞིན་བཅས་ཀྱི་གནད་དོན་ཕན་ཚུན་འདྲེས་པས། གནད་དོན་ཐག་གཅོད་བྱེད་སྐབས་ངེས་པར་དུ་ཕྱོགས་བསྡུས་སྲིད་ཇུས་ལག་ལེན་བསྟར་དགོས་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྒྱུར་བཅོས་གསར་གཏོད་ཀྱི་བྱ་ཐབས་གཉིས་པོ་མུ་མཐུད་ཡག་པོ་སྤྱོད་དགོས་པ་སྟེ། སྤྱི་ཁོག་སྲིད་ཇུས་ལས་ལྡོག་པའི་དུས་འཁོར་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐུང་གི་དཔལ་འབྱོར་འཕར་ཆག་ཆུང་དུ་གཏོང་དགོས་ལ། གོ་སྐབས་མི་ཤོར་བར་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། ས་གནས་དང་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་ནང་སྐྱེས་འཕར་བའི་ཕྱོགས་སུ་འགྱུར་བར་དེ་བས་སྐུལ་འདེད་གཏོང་དགོས།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་རེད། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། “ངེས་པར་དུ་ལྔ”ཡི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་གོ་བ་གཏིང་ཟབ་ལེན་པ་དང་། དོན་དངོས་ལ་གཞི་ཚུགས་པ་དང་ཆོས་ཉིད་གཞིར་བཟུང་བྱ་བ་སྒྲུབ་པ། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ན། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ལས་འགན་ལ་ཚད་བརྒལ་གལ་ཆེན་ཡོང་བར་སྐུལ་འདེད་ཐེབས་ནས། རང་རྒྱལ་གྱི་འཚོ་གནས་ནུས་པ་དང་། འགྲན་རྩོད་ནུས་པ། འཕེལ་རྒྱས་ནུས་པ། རྒྱུན་མཐུད་ནུས་པ་བཅས་མུ་མཐུད་ཆེ་རུ་འགྲོ་ངེས་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།