དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒན་བཀུར་རྒན་གཅེས་ནི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པའི་ལས་འགན་ཞིག་རེད།

    ——2025ལོའི་རྒྱལ་ཡོངས་ཀྱི“རྒན་བཀུར་རྒན་གཅེས་ཀྱི་དཔེ་བཟང་བ”དབྱངས་ཅན་ཚེ་རིང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-16

    ཉེ་ཆར། རྒྱལ་ཡོངས་རྒན་རྒོན་ལས་དོན་ཨུ་ལྷན་གཞུང་དོན་ཁང་གིས་2025ལོའི་རྒྱལ་ཡོངས་ཀྱི“རྒན་བཀུར་རྒན་གཅེས་ཀྱི་དཔེ་བཟང་བའི”གཟེངས་བསྟོད་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་། རང་ལྗོངས་ཀྱི་མལ་གྲོ་གུང་དཀར་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་དབྱངས་ཅན་ཚེ་རིང་ཡོད་པ་རེད།

    “རྒན་བཀུར་རྒན་གཅེས་བྱེད་པ་ནི་ངའི་ལས་ཀ་ཡིན”ཞེས་དབྱངས་ཅན་ཚེ་རིང་གིས་ཁེངས་སྐྱུང་ངང་བཤད།

    གཞི་རིམ་དམངས་སྲིད་ཀྱི་འཐབ་ས་དང་པོར་ལས་ཀ་བྱས་པའི་ལོ་འདི་དག་རིང་། དབྱངས་ཅན་ཚེ་རིང་མལ་གྲོ་གུང་དཀར་རྫོང་གི་གྲོང་ཚོ་ཚང་མར་བསྐྱོད་མྱོང་ཡོད། ཁོང་གིས་རྒན་བཀུར་གྱི་ཀུན་སྤྱོད་བཟང་པོ་རྒྱུན་གཏན་གྱི་ལས་ཀའི་ནང་ཁྱབ་པར་བྱས་ཐོག་ས་མཐོའི་རྒན་གསོའི་དགོས་མཁོ་རྒྱུས་ལོན་གང་ལེགས་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་རྒན་རྒོན་ཚོར་བདེ་སྐྱིད་བསྐྲུན་པས་ཁོང་ཚོའི་སེམས་ཁོང་གི“བུ་མོ་སྙིང་ཉེ་བར”གྱུར་ཡོད་པ་རེད།

    རྨོ་བོ་ལགས་འབོལ་ཁྲིའི་སྟེང་བསྡད་དེ་པུས་མོར་བྱིལ་བྱིལ་བྱེད་བཞིན་པ་མཐོང་འཕྲལ། དབྱངས་ཅན་ཚེ་རིང་མགྱོགས་མྱུར་གམ་དུ་བཅར་ནས་བྱང་ཆ་ལྡན་པའི་ངང་པུས་མོར་འཕུར་མཉེད་གཏོང་བཞིན་ཁོང་དང་ཅི་འཕྲོས་མོལ་འཕྲོས་བྱས། རྨོ་བོ་ཨ་སྒོར་ལྷ་མོའི་གདོང་ལ་འཛུམ་གྱིས་ཁེངས་ནས“དབྱངས་ཅན་ཚེ་རིང་ནི་ངའི་བུ་མོ་དང་འདྲ་བར་རྟག་ཏུ་ངའི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་མང་པོ་ཐག་གཅོད་བྱེད་བཞིན་ཡོད། ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད།

    འཚམས་འདྲི་འདི་འདྲ་བྱེད་པ་ནི་སྔ་ས་ནས་དབྱངས་ཅན་ཚེ་རིང་གི་རྒྱུན་གཏན་གྱི་ལས་ཀར་གྱུར་ཡོད།

    དེ་ཙམ་མ་ཟད། རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད། དབྱངས་ཅན་ཚེ་རིང་གིས་བྱེད་སྟངས་གསར་གཏོད་བྱས་ཐོག སྣེ་འཁྲིད་ནས་མ་དངུལ་སྒོར་ཁྲི་500བཏང་སྟེ་མལ་གྲོ་གུང་དཀར་རྫོང་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་བསྐྲུན་ཏེ། “ཆེད་ལས་རོགས་སྐྱོར་ལྔ+རིག་གནས་ཀྱི་མཐུན་རྐྱེན་སྦྱོར་བ+བརྩེ་སེམས་དོ་ཁུར+བདེ་ཐང་དོ་དམ་པ”བཅས་རིམ་བཞིའི་ཞབས་ཞུའི་མ་ལག་བཙུགས་པ་དང་། ལྟེ་གནས་དང་གུང་དཀར་གྲོང་རྡལ་འཕྲོད་བསྟེན་ཁང་གིས་གདུབ་ཟུམ་སྨན་བཅོས་འགན་སྲུང་འཛུགས་རྒྱུར་སྐུལ་འདེད་བཏང་ནས་བོད་ལུགས་གསོ་རིག་གི་ལུས་གསོའི་ཞབས་ཞུ་མཁོ་འདོན་བྱས་ཡོད། ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་མཐུན་སྦྱོར་བྱས་ནས་ལྟེ་གནས་དེར་རིག་གནས་སློབ་ཚན་བཀོད་སྒྲིག་བྱས་ཤིང་། རྒན་རྒོན་ཚོས་སྐོར་བྲོ་འཁྲབ་པ་དང་། ལུས་སྦྱོང་བྱེད་པ། ལག་ཤེས་བཟོ་བ་སོགས་བྱེད་སྒོ་བརྒྱུད་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་རེད། མིག་སྔའི་བར། ལྟེ་གནས་དེས་རིམ་རྩིས་བརྒྱབ་ན་རྒན་རྒོན་མི་ཐེངས་ཁྲི་3.6ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་ལ། རྒན་རྒོན་43གྱི་ཚེ་མཇུག་སྐྱེལ་སའི“དགའ་ཚལ”དུའང་གྱུར་ཡོད་པ་རེད།

    ལྟེ་གནས་དེའི་འགན་འཁུར་བ་ཀརྨ་ཕུན་ཚོགས་ཀྱིས་གསར་འགོད་པར“དབྱངས་ཅན་ཚེ་རིང་གིས་ཉིན་མོའི་ལྟ་སྐྱོང་ལྟེ་གནས་འཆར་འགོད་ནས་ཞབས་ཞུ་ལག་བསྟར་བར་ཚང་མར་རང་ཉིད་ངོ་མས་དམ་འཛིན་བྱས་ཡོད། བོད་ལུགས་གསོ་རིག་གི་ལུས་གསོ་དང་རིག་གནས་སློབ་ཚན་སོགས་ནི་ཁོང་གིས་རྒན་རྒོན་ཚོའི་དགོས་མཁོ་ལྟར་བཀོད་སྒྲིག་བྱེད་ཀྱི་ཡོད་པས། ད་ཆ་ལྟེ་གནས་སུ་ཡོང་མཁན་རྒན་རྒོན་ཚོ་དུས་རྟག་ཏུ་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད”ཅེས་བཤད།

    “རྒན་བཀུར་རྒན་གཅེས་ནི་ལས་ཀ་ཙམ་ཡིན་པ་མ་ཟད། དེ་བས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པའི་དྲོ་སྐྱིད་སྦྱིན་པའི་ལས་འགན་ཞིག་ཀྱང་ཡིན” དབྱངས་ཅན་ཚེ་རིང་གི་སྐུལ་ཁྲིད་འོག ལས་བྱེད་པ་དང་མང་ཚོགས་དེ་བས་མང་བ་རྒན་རྒོན་ལ་རོགས་རམ་བྱེད་པའི་དཔུང་ཁག་ནང་ཞུགས་ནས། སྤྱི་ཚོགས་ཡོངས་ཀྱིས་རྒན་རྒོན་ལ་གཅེས་སྐྱོང་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།