དབུ་ཤོག
  • མགྱོགས་པོ་རེ་ཞུ་མ་བྱས་ན་དངུལ་འདི་རག་པ་མི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-12-15

    ད་ལོའི་བུ་གསོའི་ཁ་གསབ་དངུལ་ཟླ་12ཚེས་31ཉིན་ནས་རེ་ཞུའི་དུས་ཚོད་ཡོལ་གྱི་འདུག་པས། གང་མགྱོགས་རེ་ཞུ་བྱེད་དགོས་འདུག གལ་སྲིད་དུས་ཚོད་ཡོལ་ན་དངུལ་རག་པ་མི་འདུག  

    དམིགས་སུ་བཀར་ནས་དྲན་སྐུལ་ཞུ་རྒྱུར། 2022ལོ་ནས་2024ལོ་བར་སྐྱེས་པའི་ཕྲུ་གུ་ཡིན་ཕྱིན། 2025ལོའི་ནང་ཚུན་དུ་བུ་གསོའི་ཁ་གསབ་དངུལ་རེ་ཞུ་བྱེད་ཆོག་པ་དང་། གལ་ཏེ་2025ལོའི་ནང་རེ་ཞུ་བྱས་མེད་ཚེ། རང་ཉིད་ནས་རེ་ཞུའི་ཐོབ་ཐང་བློས་བཏང་བར་བརྩི་རྒྱུ་རེད་འདུག དེའང་མདོར་བསྡུས་ནས་བཤད་ན། ལོ་འདིའི་ནང་རེ་ཞུ་མ་བྱས་ན་ལོ་འདིའི་ཁ་གསབ་དངུལ་རག་གི་མི་འདུག

    ●རེ་ཞུ་བྱེད་པའི་དུས་ཚོད།

    (གཅིག) 2022ལོར་སྐྱེས་པའི་ཕྲུ་གུ་ཡིན་ཕྱིན།

    ཁ་གསབ་རེ་ཞུ་ཐེངས་གཅིག་བྱེད་ཆོག་ཅིང་། དེའང་ངེས་པར་དུ་2025ལོའི་ནང་ཚུན་དུ་རེ་ཞུ་བྱེད་དགོས། རེ་ཞུ་མཇུག་འགྲིལ་བའི་དུས་ཚོད་ནི་2025ལོའི་ཟླ་12ཚེས་31ཉིན་རེད་འདུག

    (གཉིས) 2023ལོར་སྐྱེས་པའི་ཕྲུ་གུ་ཡིན་ཕྱིན།

    ཁ་གསབ་རེ་ཞུ་ཐེངས་གཉིས་བྱེད་ཆོག་ཅིང་། དེའང་2025ལོ་དང་2026ལོའི་ནང་ཚུན་དུ་རེ་ཞུ་བྱེད་དགོས། 2025ལོའི་རེ་ཞུ་མཇུག་འགྲིལ་བའི་དུས་ཚོད་ནི་2025ལོའི་ཟླ་12ཚེས་31ཉིན་ཡིན་པ་དང་། 2026ལོར་རེ་ཞུ་བྱེད་དགོས་ཚེ་ལོ་དེའི་ནང་གཏན་འཁེལ་གྱི་དུས་ཚོད་ལྟར་རེ་ཞུ་བྱེད་དགོས། 

    (གསུམ)2024ལོར་སྐྱེས་པའི་ཕྲུ་གུ་ཡིན་ཕྱིན།

    ཁ་གསབ་རེ་ཞུ་ཐེངས་གསུམ་བྱེད་ཆོག་པ་སྟེ། 2025ལོ་དང་། 2026ལོ། 2027ལོ་བཅས་ནང་རེ་ཞུ་བྱེད་དགོས། 2025ལོའི་རེ་ཞུ་མཇུག་འགྲིལ་བའི་དུས་ཚོད་ནི་2025ལོའི་ཟླ་12ཚེས་31ཉིན་ཡིན་པ་དང་། 2026ལོ་དང་2027ལོར་རེ་ཞུ་བྱེད་དགོས་ཚེ་ལོ་དེའི་ནང་གཏན་འཁེལ་གྱི་དུས་ཚོད་ལྟར་རེ་ཞུ་བྱེད་དགོས། 

    (བཞི) 2025ལོའི་ཟླ་1ཚེས་1ཉིན་དང་དེའི་རྗེས་སུ་སྐྱེས་པའི་ཕྲུ་གུ་ཡིན་ཕྱིན།

    རེ་ཞུ་ཐེངས་དང་པོ་དེ་ཕྲུ་གུ་སྐྱེས་པའི་ལོའམ་ཡང་ན་དེའི་ཕྱི་ལོར་བྱེད་དགོས་པ་དང་། དེའི་རྗེས་ཀྱི་ལོ་གཉིས་ནང་མུ་མཐུད་ལོ་སོ་སོར་རེ་ཞུ་ཐེངས་རེ་བྱེད་དགོས་པ་དཔེར་ན། 2025ལོར་སྐྱེས་པའི་ཕྲུ་གུ་ཡིན་ཕྱིན། རེ་ཞུ་ཐེངས་དང་པོ་དེ་2025ལོའམ་ཡང་ན་2026ལོར་བྱེད་དགོས་པ་དང་། དེ་ནས་དེའི་རྗེས་ཀྱི་ལོ་གཉིས་ནང་མུ་མཐུད་ལོ་སོ་སོར་རེ་ཞུ་ཐེངས་རེ་བྱེད་དགོས།  

    ●དྲ་ཐོག་དང་ས་ཡུལ་དངོས་གཉིས་ཀ་ནས་རེ་ཞུ་བྱེད་ཆོག་པ།

    ①དྲ་ཐོག་ནས་རེ་ཞུ་བྱེད་སྐབས་དངུལ་སྤྲོད་འབོ་དང་སྐད་འཕྲིན་ནས“བུ་གསོའི་ཁ་གསབ”ཅེས་པའི་བྱ་རིམ་ཆུང་ངུ་བཙལ་ཏེ། བུ་གསོའི་ཁ་གསབ་རེ་ཞུའི་ཆེད་སྒྲུབ་ཁུལ་ནང་འཛུལ་དགོས་པ་དང་། དེ་ནས“བུ་གསོའི་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག”ནང་འཛུལ་ནས་རེ་ཞུ་བྱེད་ཆོག

    ②ས་ཡུལ་དངོས་ནས་རེ་ཞུ་བྱེད་དགོས་ཚེ་ཕྲུ་གུའི་ཐེམ་ཐོ་ཡོད་སའི་ཤང་དང་གྲོང་རྡལ་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)དུ་འགྲོ་ལུགས་གཉེར་བར་འགྲོ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།