ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་ཐོན་འཕར་ཆེན་པོ་བྱུང་བ།
ཟླ་12ཚེས་12ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་14297.5ཟིན་ནས་ལོ་གོང་མ་ལས་རྒྱ་མ་དུང་ཕྱུར་167.5འཕར་བ་དང་1.2%འཕར་ནས་རྒྱ་མ་དུང་ཕྱུར་ཁྲི་1.4ཡན་བར་བརྟན་པོ་བྱུང་སྟེ་སླར་ཡང་ཐོན་འཕར་ཆེན་པོ་བྱུང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རྒྱལ་ལ་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པས་འབྲུ་རིགས་བདེ་འཇགས་ངེས་པར་དུ་ང་ཚོ་རང་ཉིད་ཀྱིས་འགན་ལེན་བྱེད་དགོས། ཀྲུང་གོ་བའི་ལྟོ་ཕོར་ནང་གཙོ་བོ་ཀྲུང་གོའི་འབྲུ་རིགས་བླུགས་དགོས”ཞེས་ནན་བཤད་གནང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་ལོ་རེའི་འབྲུ་རིགས་ཐོན་འབབ་2021ལོའི་རྒྱ་མ་དུང་ཕྱུར་13657ནས་2025ལོའི་རྒྱ་མ་དུང་ཕྱུར་14297.5བར་འཕར་བ་དང་། མི་རེའི་ཆ་སྙོམས་འབྲུ་རིགས་བཟུང་ཚད་2021ལོའི་སྤྱི་རྒྱ་483ནས་མིག་སྔའི་སྤྱི་རྒྱ་500བར་མང་དུ་ཕྱིན་ཡོད། འབྲུ་རིགས་གཞི་རྩའི་ཆ་ནས་རང་མཁོ་རང་སྤྲོད་ཐུབ་པ་དང་། བཟའ་འབྲུ་རྦད་དེ་བདེ་འཇགས་ཡིན་པ། ལོ་ལེགས་ཡག་པོ་བྱུང་བ་བཅས་ལས་རང་རྒྱལ་གྱི་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་རྐྱང་མངོན་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང“འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ཀྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས”ཞེས་བཏོན་ཡོད། རྒྱལ་ཁབ་ཆེན་པོའི་འབྲུ་མཛོད་ཀྱི་རྨང་གཞི་བརྟན་པོ་ཡོང་བ་དང་འབྲུ་རིགས་བདེ་འཇཌ་རྒྱུན་ཆད་མེད་པར་རིམ་པ་སྔར་བས་མཐོ་བའི་ཕྱོགས་སུ་འཕར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྔར་བས་གཏིང་ཟབ་པའི་གདིང་ཤུགས་དང་གདེང་ཚོད་གསོག་འཇོག་བྱས་ཡོད།
ད་ལོར་བལྟས་ཚེ།
རྒྱུན་མཐུད་སྐུལ་སྤེལ་བྱས་པས་དུས་ཚིགས་ཚང་མར་ལོ་ལེགས་བྱུང་བ།
ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་པས། ལོ་ཧྲིལ་པོར་འབྲུ་རིགས་ལ་སླར་ཡང་ལོ་ལེགས་བྱུང་སྟེ། ལོ་འགོར་གཏན་འཁེལ་བྱས་པའི“འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.4ཡས་མས”ཀྱི་དམིགས་ཚད་ལས་འགན་ལེགས་གྲུབ་བྱུང་ནས་དཔལ་འབྱོར་བརྟན་ཁྲོད་ཡར་འཕེལ་གྱི་རྣམ་པ་སྲ་བརྟན་དང་རྒྱ་སྐྱེད་གཏོང་ཆེད་དང་། “ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་ཐུབ་པ་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
དབྱར་འབྲུ་དང་། སྔ་སྨིན་འབྲས། སྟོན་འབྲུ་བཅས་ནི་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་ཀྱི“ཀ་རྟེན”ཆེན་པོ་གསུམ་ཡིན་ཞིང་། ད་ལོའི་རྒྱལ་ཡོངས་ཀྱི་དབྱར་འབྲུའི་ཐོན་འབབ་རྒྱ་མ་དུང་ཕྱུར་2994.9ཟིན་པ་དེ་ནི་2024ལོའི་རྗེས་ཀྱི་ལོ་རྒྱུས་ཀྱི་ཐོན་འབབ་མཐོ་ཤོས་ཀྱི་ལོ་གཉིས་པ་དེ་རེད། རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་ཐོན་འབབ་རྒྱ་མ་དུང་ཕྱུར་570.3ཟིན་ནས་ལོ་གོང་མ་ལས་1.2%འཕར་བ་དང་མུའུ་རེའི་ཐོན་འབབ་སྤྱི་རྒྱ་400ལས་ཐོག་མར་བརྒལ་ཡོད། རྒྱལ་ཡོངས་ཀྱི་སྟོན་འབྲུ་འདེབས་ཁྱོན་བརྟན་པོའི་ཁྲོད་ཅུང་མང་དུ་ཕྱིན་པ་དང་། ཐོན་འབབ་མཐོ་བའི་མ་རྨོས་ལོ་ཏོག་རྒྱ་ཁྱོན་ཅུང་མང་དུ་ཕྱིན་པ་དང་། དེའི་ཁར་ཞིང་ཁུལ་མང་ཆེ་བའི་ཐོན་སྐྱེད་སྤྱིར་ན་བརྟན་པོ་དང་དེ་བཞིན་འདེབས་འཛུགས་གྲུབ་ཆ་རྒྱུན་མཐུད་ལེགས་སྒྲིག་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་སྟོན་འབྲུའི་ཐོན་འབབ་ལོ་གོང་མ་ལས་རྒྱ་མ་དུང་ཕྱུར་163.6འཕར་བ་དང་རྒྱ་མ་དུང་ཕྱུར་10732.3ཟིན་ནས་1.5%འཕར་ཡོད་པ་རེད།
སྟོན་བསྡུའི་རིང་ཧོ་ནན་དང་། ཧྲན་ཏུང་། ཨན་ཧུའེ། ཧོ་པེ་སོགས་ཀྱིས་ནུས་ཤུགས་ཡོད་རྒུས་གེགས་འགོག་དང་སྟོན་འབྲུར་ལོ་ལེགས་ཡོང་བ་བྱས་ཡོད།
རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ད་ལོ་རྒྱལ་ཡོངས་ཀྱི་འབྲུ་རིགས་མུའུ་རེར་ཐོན་འབབ་སྤྱི་རྒྱ་399.1ཟིན་ནས་མུའུ་རེའི་ཐོན་འབབ་ན་ནིང་ལས་སྤྱི་རྒྱ་4.4འཕར་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་།
འབྲུ་རིགས་བདེ་འཇགས་བརྟན་སྲུང་བྱེད་པའི་ལམ་ལུགས་ཀྱི་ལེགས་ཆ་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་བ།
མི་འབོར་དུང་ཕྱུར་བཅུ་ཕྲག་ཁ་ཤས་ཀྱི་ལྟོ་ཆས་ཀྱི་གནད་དོན་ནི་རང་རྒྱལ་གྱི་རྒྱལ་བབ་ཆེ་ཤོས་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང“ཀྲུང་གོའི་ལྟོ་ཕོར”སྔར་བས་བྱུར་བུར་ཁེངས་པ་དང་། སྔར་བས་བརྟན་པ། སྔར་བས་ཕུན་སུམ་ཚོགས་པ་བཅས་བྱུང་སྟེ། “ཞིང་གསུམ”གྱི་གྲུབ་འབྲས་རེའུ་མིག་ཐོག་ནས་ཀྲུང་གོའི་བརྟན་ལྷིང་རང་བཞིན་དང་ངེས་གཏན་རང་བཞིན་བརྒྱུད་སྤྲོད་བྱས་པ་དེ་ལས་འབྲུ་རིགས་བདེ་འཇགས་བརྟན་སྲུང་བྱེད་པའི་ལམ་ལུགས་ཀྱི་ལེགས་ཆ་ཉིན་བཞིན་མངོན་གསལ་དོད་དུ་སོང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དེ་བདེ་འཇགས་འགན་སྲུང་རིགས་ཀྱི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དུ་བཅུག་པ་དང་། ཀྲུང་དབྱང་གི་ཡིག་ཨང་དང་པོའི་ནང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་མུ་མཐུད་དུ་ཨང་དང་པོར་བཞག་ཡོད། འབྲུ་རིགས་བདེ་འཇགས་འགན་སྲུང་བཅའ་ཁྲིམས་ནང“འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ལག་བསྟར་བྱེད་དགོས་པ”གསལ་པོ་བཟོས་པ་ལ་སོགས་ལམ་ལུགས་བཀོད་སྒྲིག་རེ་རེ་བཞིན་ལས་རྩ་བ་བརྟན་པ་དང་། སྔོན་དཔག་བརྟན་པ། ཕུགས་ཕན་བཅས་བྱུང་ཡོད།
ད་ལོ། ཧུའེ་རྫོང་རིམ་པའི་གྲོང་ཁྱེར་གྱིས་རྨོ་ཞིང་གི་ས་གཤིས་སྲུང་སྐྱོང་ཁ་གསབ་སྒོར་ཁྲི་8002.7སྤྲད་ནས་ཞིང་དུད་ཁྲི་15ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཧུའེ་རྫོང་རིམ་པའི་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་སི་གཡོད་ལན་གྱིས“ལོ་ཤས་རིང་རྫོང་གིས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་པས་ཞིང་པའི་འབྲུ་རིགས་འདེབས་པའི་ཡོང་འབབ་བརྟན་པོ་བྱུང་ཡོད”ཅེས་བརྗོད་པ་རེད།
ཁ་གསབ་དང་། རིན་གོང་། འགན་བཅོལ་བཅས“ཕྱོགས་གསུམ་གཞི་གཅིག”གི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་སྟེ། རྨོ་ཞིང་གི་ས་གཤིས་སྲུང་སྐྱོང་ཁ་གསབ་དང་། འབྲས་ཀྱི་ཁ་གསབ། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་གྱི་ཁ་གསབ་བཅས་ལག་བསྟར་བརྟན་པོ་བྱས་ཏེ། གྲོ་དང་སྔ་སྨིན་འབྲས་ཉོ་སྒྲུབ་རིན་གོང་དམའ་ཤོས་ལོ་ལྔ་བསྟུད་མར་མཐོ་རུ་བཏང་བ་དང་འབྲུ་རིགས་སྐྱེ་དངོས་ཆེན་པོ་གསུམ་གྱི་མ་གནས་འགན་བཅོལ་དང་འདེབས་འཛུགས་ཡོང་འབབ་འགན་བཅོལ་སྲིད་ཇུས་ལག་བསྟར་ཁྱབ་ཁོངས་རྒྱལ་ཡོངས་སུ་ཕྱོངས་ཡོངས་ནས་ཁྱབ་པ་ལ་སོགས“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པའི་འབྲུ་རིགས་བདེ་འཇགས་ལ་དམ་འཛིན་བྱེད་པ་ལྟར་གྱི་ཞིང་ཕན་ཞིང་དར་སྲིད་ཇུས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་ནས་ཞིང་པའི་ཐོན་སྐྱེད་ཀྱི་སྔོན་དཔག་དམིགས་ཚད་བརྟན་པོ་བྱུང་བ་རེད།
གྲངས་གཞི་ལས་མངོན་པར། རྒྱལ་ཡོངས་སུ་གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་གདལ་པ་ཁྲི་40ལྷག་ཙམ་གྱིས་ལོ་ལྟར་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་སྐྱོད་པ་དང་། ཚན་རྩལ་སྒོ་ར་ཆུང་ཆུང་2000ལྷག་ཙམ་བསྐྲུན་ནས་རིམ་རྩིས་བརྒྱབ་ན་ཉེར་སྤྱོད་རྣམ་པའི་ཤེས་ལྡན་པ་ཁྲི་1ལྷག་ཙམ་གསོ་སྐྱོང་བྱས་པ་རེད།
“ལོ་ལྔ་ཚན་བཅོ་ལྔ་པར”རྒྱང་ལྟ་བྱེད་པ།
འབྲུ་རིགས་བདེ་འཇགས་རིམ་པ་དེ་བས་མཐོ་བའི་ཕྱོགས་སུ་སླེབས་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ།
རྒྱ་མ་དུང་ཕྱུར་ཁྲི1.4ཟིན་པ་དེ་རང་རྒྱལ་གྱི་ལོ་རེའི་འབྲུ་རིགས་ཐོན་འབབ་ཀྱི་སྐས་རིམ་གསར་པ་ཞིག་རེད། གཞི་གནས་མཐོ་ས་ནས་བལྟས་ཚེ་འབྲུ་རིགས་ཐོན་སྐྱེད་ཇི་ཙམ་གྱིས་འཕེལ་རྒྱས་བཏང་ན་ཐོན་སྐྱེད་བརྟན་པོ་དང་ཐོན་འཕར་ཡོང་བའི་དཀའ་ཚད་ཀྱང་དེ་ཙམ་གྱིས་ཆེ་རུ་འགྲོ་གི་ཡོད། ཇི་ལྟར་བྱས་ནས་མུ་མཐུད་དུ་རིམ་པ་དེ་བས་མཐོ་བའི་ཕྱོགས་སུ་མཆོང་སྐྱོད་བྱེད་དགོས་སམ།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང“ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་པ”དང“ཐོན་འབབ་དང་ཐོན་ནུས་དང་། ཐོན་སྐྱེད་དང་སྐྱེ་ཁམས། ཐོན་འཕར་དང་འབབ་འཕར་བཅས་ལ་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ”བཏོན་ཡོད།
རྨོ་ཞིང་དང་། ཚན་རྩལ། འབྲུ་རིགས་ཐོན་ནུས་བཅས་ནི་རྨང་གཞི་གལ་ཆེན་རེད། རིམ་རྩིས་བརྒྱབ་ན་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་དུང་ཕྱུར་10ལྷག་ཙམ་བསྐྲུན་པ་དང་། ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་63.2%ཟིན་པ། རིམ་རྩིས་བརྒྱབ་ན་བྱང་ཚད་མཐོ་བའི་ཞིང་པ་མི་ཐེངས་ཁྲི་900ལྷག་ཙམ་གསོ་སྐྱོང་བྱས་པ་ལ་སོགས་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ་དང་འབྲུ་རིགས་ཐོན་ནུས་ཤུགས་ཆེར་གཏོང་བའི་སྒུལ་ཤུགས་དེ་བས་འཕེལ་བཞིན་ཡོད།
“ཞིང་ལས་ཀྱི་གེགས་འགོག་གེགས་སེལ་ནུས་པ་ཆེ་རུ་གཏོང་རྒྱུ་ནི་དངོས་ཡོད་ཀྱི་དགོས་མཁོ་རེད་ལ་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་རེད” ཞིང་ལས་གྲོང་གསེབ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་སྡེ་ཚན་མང་པོ་དང་མཉམ་དུ་གནད་སྨིན་ཞིབ་ཚགས་ཀྱི་ཉེན་བརྡ་སྔོན་གཏོང་གི་བཀོད་འདོམས་མ་ལག་སྔར་བས་འཛུགས་རྒྱུ་དང་། ཁུལ་ཁོངས་ཀྱི་ཞིང་ལས་འཕྲུལ་ཆས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ལྟེ་གནས་དང་ཁུལ་ཁོངས་ཀྱི་ཞིང་ལས་འཕྲལ་སྡོམ་གེགས་སེལ་ལྟེ་གནས་མགྱོགས་མྱུར་བཀོད་སྒྲིག་བྱས་ཏེ“གནོད་འཚེ་ཐོན་བཟོ་ཡོད་ན་སྔོན་འགོག་དང་མེད་ཚེ་ཐོན་འཕར་ལ་གཞོལ་བའི”ལག་རྩལ་གསར་པ་དང་དཔེ་དབྱིབས་གསར་པ་དེ་བས་མང་བ་ཁྱབ་གདལ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།