ས་འོག་ཚ་ནུས་འཕེལ། ནག་ཆུར་དྲོད་ཁོལ་འཁྱིལ།

འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མཐུན་སྒྲིལ་ཁུལ་ཆུང་གི་གྲོང་མི་ཚེ་རིང་སྒྲོལ་མས་དྲོད་རླངས་ཀྱི་ལྕགས་ལེབ་འཕྱིད་བརྡར་རྒྱག་བཞིན་པ། (ཀྲོའུ་ཡུས་ལུང་གིས་པར་བརྒྱབ)

འདི་ནི་བོད་ལྗོངས་ཅིན་ཧང་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སིའི་ལས་དོན་པས་དྲོད་གཏོང་ས་ཚིགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ། (ཀྲོའུ་ཡུས་ལུང་གིས་པར་བརྒྱབ)
ས་བབ་སྨི་4500ལྷག་ཙམ་ཟིན་པའི་བོད་ལྗོངས་ནག་ཆུར་དྲོད་རླངས་མཁོ་འདོན་བྱེད་ཡུན་ཟླ་བ་7ལྷག་ཙམ་ཟིན་པ་དང་། དེ་གར་ལོ་རེའི་ཆ་སྙོམས་དྲོད་ཚད་0℃ཙམ་ལས་ཟིན་གྱི་མེད་པས། “ཁང་པའི་ནང་དྲོ་པོ་ཡོད་མེད”དེ་འཚོ་བའི་ཆུ་ཚད་མཐོ་དམན་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད།
གསེར་རྙེད་ཆུས་མཐུན་སྒྲིལ་ཁུལ་ཆུང་དུ་ཡོད་པའི་ཚེ་རིང་སྒྲོལ་མའི་ཁྱིམ་ལ་ན་ནིང་ཟླ་བ་10པར་ས་འོག་ཚ་ནུས་ཀྱི་དྲོད་རླངས་གཏོང་འགོ་ཚུགས་ཡོད། ཁོ་མོས་གྱང་སྟེང་དུ་བསྒར་བའི་དྲོད་རླངས་ཀྱི་སྒྲིག་ཆས་ལ་འཕྱིད་བརྡར་རྒྱག་བཞིན་གད་མོ་འཚེར་འཚེར་ངང་གསར་འགོད་པར“ད་ཆ་ཁང་པའི་ནང་གི་དྲོད་ཚད་20℃ཙམ་ཟིན་གྱི་འདུག་པས་རྡོ་སོལ་གྱི་མེ་གཏོང་དགོས་མི་འདུག”ཅེས་བཤད།
ཚེ་རིང་སྒྲོལ་མའི་ངོས་ནས་བརྗོད་ན། རྡོ་སོལ་དང་ལྕི་བས་མེ་གཏོང་དགོས་བྱུང་མེད་པ་ནི་གཅིག་ནས་བློ་བདེ་པོ་ཡོད་ལ་གཉིས་ནས་དངུལ་གྲོན་ཆུང་ཐུབ་ཀྱི་ཡོད། “སྲིད་གཞུང་གི་ཁ་གསབ་དངུལ་བརྩིས་ན། དྲོད་རླངས་མཁོ་འདོན་དུས་ཚིགས་རེར་སྨི་ངོས་གྲུ་གཅིག་ལ་གྲོན་དངུལ་སྒོར་13ལས་སྤྲོད་དགོས་ཀྱི་མེད་པ་དེ། སྔོན་མ་རྡོ་སོལ་བུད་ནས་མེ་གཏོང་བ་དང་བསྡུར་ན་འགྲོ་སོང་ཉུང་དུ་ཞེ་དྲག་ཕྱིན་ཡོད་པ་རེད”
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》ཡི་ནང“ནུས་རྒྱུའི་མ་ལག་གསར་པ་གང་མགྱོགས་སྐྲུན་དགོས”ཞེས་དང“ནུས་རྒྱུ་གཙང་མའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད།
ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཡག་པོ་ཞིག་ཆགས་པར་བྱས་ནས་དྲོད་རླངས་མཁོ་འདོན་དེ་ལྗང་མདོག་ཐཱན་ཉུང་ཕྱོགས་སུ་གཞན་སྒྱུར་ཡོང་བར་སྐུལ་འདེད་གཏོང་ཆེད། བོད་ཀྱིས་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་དམིགས་བསལ་ཆོག་ཁྲོལ་གཉེར་སྐྱོང་ཚོད་ལྟ་ས་ཚིགས་7བཙུགས་ཡོད།
ཚོད་ལྟ་ས་ཚིགས་ཀྱི་གྲས་ཤིག་ཡིན་པའི“ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་རྒྱུད་གྲོང་གསར་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་ཚོད་ལྟའི་རྣམ་གྲངས”དུས་ཐེངས་གཉིས་པ་དེ། ད་ལོའི་ཟླ་10པར་འཁོར་རྒྱུག་བྱེད་འགོ་ཚུགས་ནས་གྲོང་ཁུལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་145ཙམ་ལ་ཁྱབ་ཡོད།
གསར་འགོར་པས་གསེར་རྙེད་ཆུས་ཀྱི་ནག་ཆུ་གྲོང་རྡལ་ས་འོག་ཚ་ནུས་ཁུལ་ནས་ཆུ་རླངས་དཀར་པོ་ཟམ་མི་ཆད་པར་འཕྱུར་བ་མཐོང་བྱུང་།
“འདི་གའི་ས་འོག་ཚ་ནུས་ཀྱི་ཆུའི་དྲོད་ཚད་མཐོ་པོ་འདུག་ལ་ཚ་ཚད་འདང་ངེས་ཀྱང་འདུག”ཅེས་བོད་ལྗོངས་ཅིན་ཧང་ནུས་རྒྱུ་གཙང་མ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཁྲུའུ་ཀྲེ་ལེང་གིས་ངོ་སྤྲོད་བྱས།
ཁྲུའུ་ཀྲེ་ལེང་གིས་གསར་འགོད་པར། “ང་ཚོས་ཆུ་དྲོན་རྣམ་པའི་ས་འོག་ཚ་ནུས་བེད་སྤྱོད་ལག་རྩལ་སྤྱད་དེ་ས་འོག་ཚ་ནུས་ཆུ་གྲོང་ཁྱེར་དོ་དམ་སྦུག་དྲར་མི་གཏོང་བར། དྲོད་གཏོང་ས་ཚིགས་བརྒྱུད་ཚ་ནུས་འདོན་པ་དང་། དེ་ནས་ས་འོག་ཆུ‘རིམ་མཚུངས་ཕྱིར་བཞུར’བརྒྱ་ཆ་བརྒྱ་བྱེད་ཀྱི་ཡོད། བརྒྱུད་རིམ་ཧྲིལ་པོར་ཕྱི་ཕྱོགས་དང་འབྲེལ་བ་གང་ཡང་མེད”ཅེས་དང་། འདི་ལྟར་བྱས་ན་ས་འོག་ཚ་ནུས་རིམ་བཞིན་གསོག་པར་སྲུང་སྐྱོང་ཐུབ་ལ་ས་འོག་ཚ་ནུས་ཆུས་གྲོང་ཁྱེར་དོ་དམ་གྱི་སྦུག་དྲ་རུལ་ཟད་འགྲོ་བའི་གནས་ཚུལ་ཡང་སྔོན་འགོག་བྱེད་ཐུབ་ཅེས་བཤད།
ཚ་ནུས་བརྗེ་སྒྱུར་ས་ཚིགས་སུ་ཚ་ནུས་བརྗེ་སྒྱུར་སྒྲིག་ཆས་5འཁོར་རྒྱུག་བྱེད་ཅིང་། ད་དུང་གྲབས་སྤྱོད་སྒྲིག་ཆས་3ཡོད། “ཐོལ་བྱུང་དོན་རྐྱེན་འཕྲད་སྐབས། གྲབས་སྤྱོད་སྒྲིག་ཆས་དེ་དག་གིས་ལམ་སེང་ཚབ་བྱེད་ཐུབ”ཅེས་ཁྲུའུ་ཀྲེ་ལེང་གིས་བཤད།
ནག་ཆུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ནུས་རྒྱུ་གཙང་མ་བེད་སྤྱོད་གཏོང་རྒྱུ་ཁྱབ་གདལ་ཧུར་ཐག་བཏང་ནས། ཁེ་ལས་ལ་རྡོ་སོལ་མེ་ཐབ་སྤྱོད་མཚམས་བཞག་ནས་སྒྱུར་བཀོད་བྱེད་དགོས་པའི་ཁྲིད་སྟོན་ཤུགས་ཆེན་བྱས་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་རིམ་རྩིས་བརྒྱབ་ན་རྡོ་སོལ་མེ་ཐབ་313བེད་སྤྱོད་གཏོང་མཚམས་བཞག་ཡོད། རིམ་སྤེལ་བྱ་ཐབས་འདི་དག་སྤྱད་པ་བརྒྱུད་གྲོང་ཁྱེར་གྱི་འཚོ་བའི་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ཡོད།
ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ཚོད་ལྟའི་རྣམ་གྲངས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་བརྒྱུད། ནག་ཆུའི་འཚོལ་ཞིབ་དེ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི“མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་ཡོང་བར་བྱེད་པའི”དམིགས་ཚད་དང་དུས་མཉམ་དུ་ཤུགས་རྒྱག་བཞིན་པ་དེ། ས་མཐོའི་ཁུལ་གྱིས་གཙང་མ་དང་ཐཱན་ཉུང་གི་ནུས་རྒྱུའི་མ་ལག་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།