2025ལོར་རང་ལྗོངས་ཀྱི་གཟི་བརྗིད་བྱ་གཞག་ལས་ཞིང་འབྲོག་པ་ཁྲི་3.5ལྷག་ཙམ་ལ་ཕན་པ་ཐོབ་པ།
ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་གཟི་བརྗིད་བྱ་གཞག་སྐུལ་སྤེལ་ལྷན་ཚོགས་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པ་ནས་ཤེས་རྟོགས་བྱས་པར། 2025ལོར་རང་སྐྱོང་ལྗོངས་གཟི་བརྗིད་བྱ་གཞག་སྐུལ་སྤེལ་ལྷན་ཚོགས་ཀྱིས“ཁེ་ལས་ཁྲིས་གྲོང་ཚོ་ཁྲིར་དར་རྒྱས་གཏོང་རོགས་བྱེད་པའི”བྱ་སྤྱོད་ཀྱི་ལས་སྟེགས་གཙོ་བོའི་ནུས་པ་གང་ལེགས་བཏོན་ནས། ལྗོངས་ཡོངས་ཀྱི་དམངས་གཉེར་ཁེ་ལས་1738གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ས་དང་པོར་ཞུགས་རྒྱུར་སྐུལ་སློང་བྱས་པ་དང་། སྲིད་འཛིན་གྲོང་ཚོ་2165ལ་རོགས་སྐྱོར་རྣམ་གྲངས་ལག་བསྟར་བྱས་པར། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་ནས་ཞིང་འབྲོག་པ་མང་ཚོགས་ཁྲི་3.5ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་རང་སྐྱོང་ལྗོངས་གཟི་བརྗིད་བྱ་གཞག་སྐུལ་སྤེལ་ལྷན་ཚོགས་ཀྱིས་གཟི་བརྗིད་བྱ་གཞག་གི“ཆབ་སྲིད་རང་བཞིན་དང་། སྤྱི་ཚོགས་རང་བཞིན། སྤྱི་ཕན་རང་བཞིན”བཅས་ཀྱི་གཞི་རྩའི་ངོ་བོར་སྟངས་འཛིན་ཏན་ཏིག་བྱེད་པ་དང་། “ཁེ་ལས་བརྒྱ་དང་གྲོང་ཚོ་བརྒྱ་འབྲེལ་མཐུད”ཀྱི་མཐའ་མཚམས་རོགས་སྐྱོར་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་བ། ལྗོངས་ཕྱིའི་དམངས་གཉེར་ཁེ་ལས་དང་ཚོང་ལས་མཐུན་ཚོགས་96སྒྲིག་འཛུགས་བྱས་ནས་རང་ལྗོངས་ཀྱི་མཐའ་མཚམས་གྲོང་ཚོ་150དང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་པ། རོགས་སྐྱོར་མ་དངུལ་སྒོར་ཁྲི་1006བཏང་ནས་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་དང་། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་། སྤྱི་པའི་ཞབས་ཞུ་མཐོར་གཏོང་བཅས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཡོད། གཞན་ཡང་། ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ་ནན་ཅིང་གྲོང་ཁྱེར་གཟི་བརྗིད་བྱ་གཞག་སྐུལ་སྤེལ་ལྷན་ཚོགས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་330མཐུན་སྦྱོར་བྱས་ནས་རང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གེགས་རྗེས་བསྐྱར་སྐྲུན་སོགས་སྤྱི་ཕན་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པར་སྤྱད་དེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། དམངས་འཚོའི་བདེ་རྩ་ཆེར་གཏོང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བཅས་བྱེད་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།