དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-15

    ཟླ་12ཚེས་10དང་ཚེས་11ཉིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་ཏུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་པས། ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ཡིད་ཆེས་བརྟན་དུ་གཏོང་བ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་དང་ཕན་འབྲས་དངོས་ལ་འགྱུར་བར་བྱས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    “ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག‘སྒྱུར་བཅོས་འགག་སྒྲོལ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་བ’དང‘གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ཇུས་གཞི་བཟོ་བ་དང་ལག་ལེན་བསྟར་བ’སོགས་བཀོད་སྒྲིག་གལ་ཆེན་བྱས་ཡོད་པས་ང་ཚོར་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་། 2025ལོར་རང་སྐྱོང་ལྗོངས་སྲིད་གཞུང་གི་གཞུང་རྒྱུ་ལྟ་འདོམས་ཁེ་ལས་ཀྱིས་སྔོན་དཔག་ལྟར་ན་ལོ་ཧྲིལ་པོར་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་240དང་ཁེ་སྤོགས་བསྡོམས་སྒོར་དུང་ཕྱུར་10གཏོད་རྒྱུ་ཡིན་པ་དེ་དུས་མཚུངས་ལས་7%དང་10%སོ་སོར་འཕར་ནས‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་ཧུའུ་ཁྲུན་གྱིས་བརྗོད།

    རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་ཚེ་རིང་སྒྲོལ་དཀར་གྱིས། དགོངས་དོན་གང་མགྱོགས“ཨར་ལས་འཆར་གཞིར”འགྱུར་བ་བྱ་རྒྱུ་སྟེ། 2026ལོ་ནས་བཟུང་གཏེར་འདོན་དང་། འཛུགས་སྐྲུན་རྒྱུ་ཆ། དམངས་སྤྱོད་འབར་རྫས་དངོས་རྫས་བཅས་སྲོལ་རྒྱུན་གྱི་ཐོན་ལས་ཆེ་གྲས་གསུམ་སྒྱུར་བཀོད་རིམ་སྤོར་བྱེད་པ་དང་། རང་བྱུང་འཐུང་ཆུ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན། བོད་སྨན། མི་རིགས་ལག་ཤེས་བཅས་ཁྱད་ལྡན་ཐོན་ལས་ཆེ་གྲས་བཞི་སྤུས་འབྲས་ལེགས་གཉེར་བྱེད་པ། ས་མཐོའི་ཐབ་ཆས་དང་། ས་མཐོའི་སྒྲིག་ཆས། དམའ་དབྱིངས་དཔལ་འབྱོར་བཅས་གསར་དར་ཐོན་ལས་ཆེ་གྲས་གསུམ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་འབྱུང་འགྱུར་ཐོན་ལས་སྔོན་ཚུད་ནས་བཀོད་སྒྲིག་བྱེད་པ་དང་ཆབས་ཅིག གྲངས་འཛིན་དཔལ་འབྱོར་གྱི་རྒྱ་སྟོབས་ཆེ་རུ་བཏང་ནས་གྲངས་འཛིན་ཚོང་དོན་དང་། གྲངས་གཞིའི་རྩིས་ནུས། དངོས་གྲངས་མཉམ་འདྲེས་སོགས་ཀྱི་འགྲན་ལམ་གསར་པ་འཕེལ་རྒྱས་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    “ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུས་ང་ཚོར་གོམ་སྟབས་རྗེས་མའི་དངུལ་རྩའི་རྒྱབ་སྐྱོར་གྱི་ཤུགས་རྒྱག་ས་ཁ་གསལ་བཟོས་ཡོད། ནན་ཏན་ངང་ཚོགས་འདུའི་ཐོག་གི‘དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས་པ’སོགས་ཀྱི་བླང་བྱར་གཞིཊ་ཏེ། གཞིས་རྩེའི་དོན་དངོས་དང་ཟུང་འབྲེལ་གྱིས་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ཡག་པོ་སྤྱོད་པ་དང་། ཚན་རྩལ་དང་། ལྗང་མདོག ཀུན་ཕན། ‘ཞིང་གསུམ’བཅས་ཁྱབ་ཁོངས་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་གཏོང་སྤྲོད་ཁོར་ཡུག་ཡག་པོ་གཏོད་པ་བཅས་བྱས་ནས་གཞིས་རྩེའི་གྲོང་གསེབ་དར་རྒྱས་ལ་དངུལ་རྩའི་ནུས་པ་འདོན་རྒྱུ་ཡིན”ཞེས་ཀྲུང་གོ་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གི་ཏང་ཨུད་ཧྲུའུ་ཅི་དང་ཧང་ཀྲང་ལིའུ་ཧའོ་ཡིང་གིས་བརྗོད།

    སྨན་གླིང་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོཊ་ཀྱི་ཀྲུའུ་ཞི་གཞོན་པ་དང་སྨན་གླིང་ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མས“དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི”སྐོར་གྱི་ཚོགས་འདུའི་བཀོད་སྒྲིག་ལ་མྱོང་ཚོར་ཟབ་མོ་བྱུང་། ལས་གཏོད་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་ཕྱུག་འགྱུར་སྣེ་ཁྲིད་པའི་ནུས་པ་ཡག་པོ་བཏོན་ཏེ། ཁེ་ལས་དར་རྒྱས་བཏང་ནས་ཞིང་ཕན་དང་དམངས་ཕྱུག་འབབ་འཕར་ཡོང་བར་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་ཀྱིས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐོན་པའི་མཐའ་ཚད་སྲུང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    “ཚོགས་འདུའི་ཐོག‘ནང་མཁོས་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེར་གཏོང་རྒྱུ’དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཞིབ་ཕྲའི་བཀོད་སྒྲིག་རབ་དང་རིམ་པ་བྱས་པ་ལས་ང་ཚོ་གཞི་རིམ་གྱི་ཚོང་དོན་ལས་བྱེད་པར་སེམས་འགུལ་ཆེན་པོ་ཐེབས་བྱུང་། ད་ལོ་ལྷ་ས་གྲོང་ཁྱེར་གྱི་ཚོང་དོན་ཁྱབ་ཁོངས་རྒྱལ་ཡོངས་ཀྱི་སིལ་ཚོང་ལས་རིཊ་གསར་གཏོད་མཐོར་གཏོང་སོཊ་རྒྱལ་ཁབ་རིམ་པའི་ཚོད་ལྟའི་ནང་བདེ་བླག་ངང་ཚུད་པ་དེ་ནི་ང་ཚོའི་ལས་དོན་ལ་ཁས་ལེན་བྱས་པ་ཞིག་ཡིན་ལ་ང་ཚོས་ལས་དོན་ཁག་མུ་མཐུད་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཤིག་ཀྱང་ཡིན”ཞེས་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་རའི་མ་ལག་འཛུགས་སྐྱོང་ཁོའོ་ཡི་ཁོའོ་ཀྲང་ལི་ནའེ་ཤོན་གྱིས་བརྗོད་པ་རེད།

    ཡར་ཀླུང་གི་གཙང་གཞུང་ནས་སེང་གེ་ཁ་འབབ་བར་དང་བྱང་རྩྭ་ཐང་ནས་ཇོ་མོ་གླང་མའི་རི་འདབས་བར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ས་མཐོའི་ས་གཞི་ཆེན་མོ་ཀུན་ལ་མྱུར་བར་ཁྱབ་པ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའང་ཡིད་ཆེས་ཀྱིས་ཁེངས་ནས་ངར་ཤུགས་རབ་ཏུ་འཕེལ་ཞིང་། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དམངས་སེམས་གཅིག་མཐུན་དང་འབད་འབུངས་ཡར་བརྩོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་གསར་རྐྱང་ཞིག་ཚུགས་པར་རྨང་གཞི་བརྟན་པོ་འདིང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།