བོད་ཀྱིས་དབང་པོ་སྐྱོན་ཅན་གྱི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་འགན་ལེན་ཇི་ལྟར་བྱས་པའི་སྐོར་ལ་ལྟ་བ།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གནས་པའི་བོད་ལྗོངས་ཕན་བདེ་པར་འདེབས་བཟོ་གྲྭར་ལོ་23ལ་སླེབས་པའི་ཚེ་བརྟན་དོན་གྲུབ་ཀྱིས་པར་བཏབ་ཟིན་པའི་དཔྱད་གཞི་མང་དག་ཅིག་བཀོལ་སྤྱོད་སྟེགས་བུའི་ཐོག་སྤོས་ཤིང་། དེ་རྗེས་བྱང་ཆུབ་པོས་དཔྱད་གྲངས་གཏན་འཁེལ་དང་སྒྲིག་ཆས་ཁ་ཕྱེ་སྟེ། ལས་རིམ་ཧྲིལ་པོ་གོ་རིམ་ལྷག་པར་ལྡན། གལ་སྲིད་སྔོན་ནས་ཤེས་མེད་ཚེ། ཁོང་གི་བྱང་ཆུབ་ལ་གཟབ་ནན་གྱི་རྣམ་པ་དེ་ཐོག་ནས་ཁོང་ནི་འོན་ལྐུགས་ཤིག་ཡིན་པ་གཞན་གྱིས་ཤེས་ཐབས་བྲལ།
ཚེ་བརྟན་དོན་གྲུབ་ཀྱི་ངོས་ནས་བརྗོད་ན། ལས་ཀ་དེ་ལས་ཟླ་རེར་སྒོར་5000ལྷག་ཙམ་གྱི་ཡོང་འབབ་བརྟན་པོ་རག་པ་དང་བཟོ་གྲྭ་ནས་བཟའ་སྡོད་འགན་ལེན་ཡོད་པ་མ་ཟད། སྤྱི་ཚོགས་ནང་ཞུགས་ཏེ་རང་ཉིད་ཀྱི་རིན་ཐང་མངོན་པའི་གར་སྟེགས་དེ་བས་རྙེད་ཡོད།
ད་ལོའི་ཟླ་12ཚེས་3ཉིན་ནི་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོ་ཨང་34པ་དེ་ཡིན་ཞིང་། གྲངས་གཞི་གསར་ཤོས་ལས་མངོན་པར། བོད་དུ་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་ཁྲི་11.5ཡོད་པ་དང་། ཁོང་ཚོའི་འཚོ་བ་གང་འདྲ་ཡོད་མེད་དང་ཁོང་ཚོའི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་འགན་ལེན་ཇི་ལྟར་བྱེད་བཞིན་ཡོད་དམ་ཞེ་ན།
གསོ་སྦྱོང་ནས་ལས་ཞུགས་བར་གྱི་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ།
རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་ལས་རིགས་གསོ་སྦྱོང་སློབ་ཁང་དུ། བསྟན་འཛིན་གྱིས་གཞི་རས་སྟེང་ཐང་གའི་ཐིག་རིས་རེ་རེ་བཞིན་འགོད་བཞིན་ཡོད། ཁོང་གིས་གསར་འགོད་པར། ང་རང་ཆུང་དུས་ནས་རི་མོ་འབྲི་བར་དགའ་པོ་ཡོད་ཀྱང་། དབང་པོ་སྐྱོན་ཅན་ཡིན་སྟབས་སྐབས་ཤིག་རིང་རང་ཉིད་ཀྱི་ཕུགས་འདུན་སེམས་སུ་ཉར་ནས་སྡོད་རྒྱུ་ལས་མ་མཆིས། དབང་པོ་སྐྱོན་ཅན་གྱི་རྩལ་ནུས་གསོ་སྦྱོང་གི་ཆ་འཕྲིན་ཞིག་གིས་ང་ལ་སླར་ཡང་རེ་བ་གསར་པ་ཞིག་སྦྱིན་བྱུང་ཞེས་བརྗོད།
བསྟན་འཛིན་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཐང་གའི་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་མིང་ཐོ་བཀོད་པ་དང་། ཟླ་བ་ཁ་ཤས་རིང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་པ་བརྒྱུད། ཐང་ག་རགས་ཙམ་བཞེངས་ཐུབ་པ་བྱུང་ཡོད། ཁོང་གིས། “སླད་ཕྱིན་ངས་རང་ཉིད་ཀྱི་ལས་དོན་ཁང་ཞིག་བཙུགས་ནས་ཐང་ག་མུ་མཐུད་བཞེངས་རྩིས་ཡོད”ཅེས་བརྗོད།
དབང་པོ་སྐྱོན་ཅན་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་ཞིང་། སྲིད་ཇུས་ཀྱི་འབྲེལ་མཐུད་དང་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་ནས་རྩལ་ནུས་གསོ་སྦྱོང་དང་ལས་གནས་གསར་སྤེལ་བྱེད་པའི་བར། སྤྱི་ཚོགས་ཡོངས་དང་སྡེ་ཚན་ཁག་གིས་མཐུན་སྦྱོར་དམ་ཟབ་ཀྱིས་མཉམ་ཤུགས་ཆགས་པར་བྱས་ཏེ། ཐུན་མོང་ཐོག་བསྟུན་མཁས་དང་མཛའ་མཐུན་གྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཁོར་ཡུག་ཅིག་གཏོད་དགོས།
དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་ལས་དོན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་ཆེད། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ལྟེ་གནས་ཀྱིས་དམིགས་ས་ཡོད་པའི་སྒོ་ནས་སྲིད་ཇུས་དྲིལ་བསྒྲགས་དང་། ལྟ་སྐུལ། མཛུབ་ཁྲིད་སོགས་ཀྱི་ཞབས་འདེགས་ཞུས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྟེ་གནས་དེས་མཁོ་འདོན་བྱས་པའི་གསོ་སྦྱོང་ལ་ཐང་ག་བཞེངས་སྟངས་དང་བོད་ཆས་འཚེམ་སྟངས་སོགས་སྲོལ་རྒྱུན་གྱི་ལག་རྩལ་ཡོད་པ་མ་ཟད། ཁ་ལོ་བ་དང་། སེན་མོ་མཛེས་བཟོ། དྲ་རྒྱའི་ཐད་གཏོང་། ཀོག་ཧྥེ་བཟོ་སྟངས་སོགས་གསར་དར་ཁྱབ་ཁོངས་སུ་རིམ་བཞིན་རྒྱ་སྐྱེད་གཏོང་བ་དེའི་དམིགས་ཡུལ་ནི་ལས་རིགས་རྩལ་ནུས་ཀྱི་ཐབས་ལམ་སྣ་མང་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཁྲོམ་རའི་འགྲན་ནུས་ཆེ་རུ་ཏན་ཏིག་གཏོང་རྒྱུ་དེ་རེད།
རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་ལས་རིགས་གསོ་སྦྱོང་པུའི་པུའུ་ཀྲང་ཀྲེང་ཧྲུའུ་ཆིན་གྱིས“གསོ་སྦྱོང་ཚད་ལོན་པའི་སློབ་མས་ང་ཚོའི་འདི་གར་མི་སྒེར་གྱི་ཆ་འཕྲིན་དང་ལས་ཞུགས་འདོད་འདུན་ཐོ་འགོད་བྱེད་ཆོག་པ་དང་། དེ་རྗེས་མི་སྤྱོད་ཚན་པའི་དགོས་མཁོ་དང་ལས་གནས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཆ་རྐྱེན་ཚང་བའི་སློབ་མར་ལས་གནས་འོས་སྦྱོར་གནད་སྨིན་བྱས་ཏེ་ལས་ཞུགས་ཐུབ་རྗེས་ད་དུང་དུས་བཀག་ལྟར་རྗེས་སྙེག་འཚམས་ལན་ཞུས་ནས་སློབ་མའི་ལས་ཀའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་དང་འབྲེལ་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཐོ་འགོད་དང་། མཛུབ་ཁྲིད། འོས་སྦྱོར། འཚམས་ལན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུའི་ལམ་སྲོལ་ལ་གཞིགས་ནས་དབང་པོ་སྐྱོན་ཅན་གསོ་སྦྱོང་ནས་ལས་ཞུགས་བརྟན་པོ་ཡོང་བར་འགན་ལེན་ནུས་ལྡན་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།
ལས་ཀར་ཞུགས་པ་ནས་ལས་གཏོད་བར་གྱི་ཕྱོགས་ཡོངས་ཀྱི་རོགས་རམ།
རང་ལྗོངས་སུ། རིམ་ཁག་ལས་ཁུངས་དང་། བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས་བཅས་ཀྱིས་སྣེ་ཁྲིད་ཧུར་ཐག་བྱས་ཏེ་ལས་གནས་གསར་སྤེལ་དང་རྒྱུགས་ལེན་བསྡུ་སྤྱོད་སོགས་ཀྱི་བྱེད་ཐབས་བརྒྱུད་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ཡེ་ཤེས་ནི་ཕན་པ་ཐོབ་མཁན་དེའི་གྲས་ཤིག་རེད། ཡེ་ཤེས་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ཁྱིམ་ཚང་གི་ཇ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། ཁོང་གིས“སྲིད་གཞུང་གིས་ལས་གནས་མཁོ་འདོན་བྱས་ཏེ་འགོག་རྐྱེན་མེད་པའི་ཐབ་ཚང་བཀོད་སྒྲིག་བྱས་པས་ད་ཆ་ངས་ཁ་ལག་ཚ་སོབ་སོབ་བཟོ་ཐུབ་སྟབས་འཚོ་བར་དོན་སྙིང་གསར་པ་ལྡན་པའི་ཚོར་སྣང་འདུག”ཅེས་བཤད།
ཁྲོམ་རའི་གསོན་ཤུགས་འཕེལ་ཞིང་། ཁྲལ་བསྡུའི་གཟིགས་སྐྱོང་དང་ལས་གནས་ཀྱི་ཁ་གསབ་སོགས་སྐུལ་ལྕག་བྱ་ཐབས་རབ་དང་རིམ་པ་བཏོན་པས་དབང་པོ་སྐྱོན་ཅན་ལ་ལས་ཀ་སྤྲོད་པའི་ཁེ་ལས་ཀྱི་ཧུར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
རང་བརྟེན་ལས་གཏོད་ཀྱི་ལམ་བུར་ཡང་རྒྱབ་སྐྱོར་ནུས་ལྡན་ཐོབ་ཅིང་། སྲིད་གཞུང་གིས་ཆ་རྐྱེན་ཚང་བའི་དབང་པོ་སྐྱོན་ཅན་ལས་གཏོད་པར་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་དང་སྐྱེད་སློག་དངུལ་བུན་སོགས་ཀྱི་རྒྱབ་སྐྱོར་བྱས་ཡོད། སྟེགས་འཁོར་དུ་སྡོད་མཁན་གཞོན་ནུ་མཆོག་ལེགས་ཀྱིས་2016ལོར་ལས་གཏོད་བྱེད་མ་ཐག་མལ་གྲོ་གུང་དཀར་རྫོང་དམངས་སྲིད་ཅུས་ཀྱིས་ཁོང་ལ་ལས་གཏོད་མ་དངུལ་སྒོར་ཁྲི་8.5སྤྲད་པ་དང་། ཁ་གསབ་དེར་བརྟེན་ནས་ཁོང་གིས་བོད་ལྗོངས་མཐོ་སྒང་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་རེད། 2020ལོར། མཆོག་ལེགས་ཀྱིས་ལས་སྒོ་རྒྱ་ཆེར་གཏོང་བ་དང་གྱང་ངོས་སྐར་མ་ཉམས་ལེན་འཛིན་གྲྭ་འཛུགས་སྐབས་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སླར་ཡང་ཁ་གསབ་སྒོར་ཁྲི་42སྤྲད་དེ་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་བསལ་བ་རེད།
ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་ནས་གཉེར་སྐྱོང་བྱེད་པོའི་བར་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་ནས་རང་བརྟེན་ལས་གཏོད་བར། རང་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་ལས་ཞུགས་ཀྱི་མངོན་མེད་འགལ་རྐྱེན་རིམ་བཞིན་བསལ་ནས་དབང་པོ་སྐྱོན་ཅན་དེ་བས་མང་བ་ཐབས་ལམ་སྣ་མང་བརྒྱུད་བརྟན་ཞིང་ལ་རྒྱ་ལྡན་པའི་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་བས་ཁོང་ཚོ་སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་དངོས་སུ་ཞུགས་ཐུབ་པ་བྱུང་ཡོད།
རོགས་སྐྱོར་ཐོབ་པ་ནས་ལེགས་སྐྱེས་འབུལ་བའི་བར་གྱི་འགྱུར་ལྡོག
མི་སེམས་འགུལ་ཤོས་ཀྱི་འགྱུར་ལྡོག་ནི་དེ་སྔའི་རོགས་སྐྱོར་ཐོབ་མཁན་ད་ཆ་ལེགས་སྐྱེས་འབུལ་མཁན་དུ་གྱུར་བ་དེ་རེད། ལོ་29ལ་སླེབས་པའི་ལྷག་པ་ཕུན་ཚོགས་ནི་རིམ་པ་གཉིས་པའི་དབང་པོ་སྐྱོན་ཅན་ཞིག་ཡིན་ལ། བོད་ལྗོངས་དགེ་སྒྲུབ་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་མཁན་ཞིག་ཀྱང་ཡིན། མིག་སྔར་ལྷུན་གྲུབ་རྫོང་དུ་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་གྱི་ལས་ཀ་བྱེད་བཞིན་ཡོད།
“དང་ཐོག་མར་རང་ཉིད་ཀྱི་འཚོ་བའི་ཆེད་དུ་ཡིན། དེ་རྗེས་རིམ་བཞིན་ལས་ཀ་དེར་ང་རང་དགའ་པོ་བྱུང”ལྷག་པ་ཕུན་ཚོགས་ཀྱི་ཞབས་ཞུའི་ལམ་བུར་འགྲན་སློང་གིས་ཁེངས། ཐག་རིང་ལུང་ཁུག་ས་ཁུལ་དུ་འགྲིམ་འགྲུལ་སྟབས་བདེ་མེད་པས་སྐབས་འགར་དུད་ཚང་གཅིག་ལ་འཚམས་འདྲིར་བསྐྱོད་པར་ཆུ་ཚོད་ཁ་ཤས་འགོར་བ་མ་ཟད། ད་དུང་ཞབས་འདེགས་ཞུ་ཡུལ་ཁག་གཅིག་གིས་དང་ལེན་དང་བསམ་ཤེས་མི་བྱེད་པས། ངང་རྒྱུད་རིང་པོས་ཁྲིད་སྟོན་བྱེད་དགོས་ཀྱི་ཡོད། “ང་རང་དབང་པོ་སྐྱོན་ཅན་ཞིག་ཡིན་པས་ཁོང་ཚོ་དང་ཕན་ཚུན་འབྲེལ་འདྲིས་བྱེད་སྐབས་དེ་བས་བསམ་ཤེས་ཐུབ་པ་དང་སྐད་ཆ་བཤད་བདེ་པོ་འདུག” ཐུན་མོང་གི་མི་ཚེའི་མྱོང་རྒྱུས་དེས་ཁོང་ས་གནས་དེ་གའི་དབང་པོ་སྐྱོན་ཅན་གྱི་ཡིད་ཆེས་བྱེད་ས་དང་བློས་འགེལ་ཆོག་པའི“སྙིང་ཉེ་བ”ཞིག་ཏུ་གྱུར་ཡོད།
“ང་ཚོས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་པའི་ཡིད་ཆེས་ཡོད”ལྷག་པ་ཕུན་ཚོགས་ལ་ལྡན་པའི་ཡིད་ཆེས་དང་སེམས་བག་ཡང་པོ་ལས། ཚོགས་སྤྱི་ཞིག་གི“གཞན་དབང་གི་རོགས་སྐྱོར”ནས“རང་འགུལ་ངང་མཐུན་རྐྱེན་སྦྱོར་བའི”བར་གྱི་འགྱུར་ལྡོག་ཆེན་པོ་མངོན་གྱི་ཡོད། ད་ལོའི་ལོ་སྟོད་དུ་དངོས་སུ་བཙུགས་པའི་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ནི“རང་བརྟེན་རོགས་རེས”ཀྱི་འདུ་ཤེས་ཀྱི་མཚོན་ཚུལ་དངོས་ཤིག་རེད། རྣམ་གྲངས་དེ་ནི་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བཙུགས་པའི་རང་བརྟེན་རོགས་རེས་བྱ་ཡུལ་ཞིག་ཡིན་པ་དང་། དེས་དབང་པོ་སྐྱོན་ཅན་ཚོགས་སྤྱིར་ཕྱོགས་ནས་བདེ་ཐང་སླར་གསོའི་སྦྱོང་བརྡར་དང་། སློབ་གསོ་གསོ་སྦྱོང་། ལས་ཞུགས་རོགས་སྐྱོར། ཁེ་དབང་སྲུང་སྐྱོང་། འགོག་མེད་ཁོར་ཡུག་སྒྱུར་བཀོད་སོགས་ཀྱི་ཞབས་འདེགས་ཞུས་ཏེ་ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་ཚོགས་སྤྱི་སྤྱི་ཚོགས་དང་མཉམ་འདྲེས་ཐུབ་པར་བྱས་ནས་རང་ཉིད་ཀྱི་རིན་ཐང་མངོན་པར་རམ་འདེགས་བྱེད་ཀྱི་ཡོད།
གངས་ལྗོངས་ས་མཐོར་དབང་པོ་སྐྱོན་ཅན་སྔར་ལས་མང་བས་འཐུས་སྒོ་ཇེ་ཚང་དུ་འགྲོ་བའི་སྣ་མང་ལས་ཞུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རང་ངོས་ཀྱི་འགོག་རྐྱེན་ལས་སྒྲོལ་བ་དང་ཚེ་སྲོག་གི་བཀྲག་མདངས་འཚེར་བར་བྱས་ཏེ་རང་ཉིད་ལ་དབང་བའི་མི་ཚེར་འབད་འཐབ་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།