རང་རྒྱལ་ནས་ཐོན་པའི་མི་མེད་གནམ་གྲུ་ཆེ་གྲས“ཅིའུ་ཐེན”གྱི་འཕུར་སྐྱོད་ཐོག་མ་ལེགས་གྲུབ་བྱུང་བ།
དངོས་ཟོག་ལྕི་རིགས་སྐྱེལ་འདྲེན་དང་ཟོག་འགྲེམས་སྐྱེལ་འདྲེན་སོགས་ཀྱི་ལས་འགན་གང་ལེགས་སྒྲུབ་ཐུབ་པ།

འདི་ནི“ཅིའུ་ཐེན”མི་མེད་གནམ་གྲུ་ཡིན་པ།(མཁའ་འགྲུལ་བཟོ་ལས་གནམ་གྲུ་ཇུས་འགོད་ཁང་དང་པོས་པར་མཁོ་འདོན་བྱས)
གསར་འགོད་པར་མཁའ་འགྲུལ་བཟོ་ལས་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཚེས་11ཉིན། མཁའ་འགྲུལ་བཟོ་ལས་གནམ་གྲུ་ཇུས་འགོད་ཞིབ་འཇུག་ཁང་དང་པོས་ཇུས་འགོད་བྱས་པའི“ཅིའུ་ཐེན”མི་མེད་གནམ་གྲུ་ཧྲའན་ཤིས་ཕུའུ་ཁྲེང་དུ་འཕུར་སྐྱོད་ཐོག་མའི་ལས་འགན་ལེགས་གྲུབ་བྱུང་ཡོད།
རང་རྒྱལ་གྱིས་རང་བརྟེན་གསར་གཏོད་བྱས་པའི་རྒྱུན་སྤྱོད་མི་མེད་གནམ་གྲུའི་ལས་སྟེགས་ཆེ་གྲས་ཤིག་གི་ངོས་ནས། “ཅིའུ་ཐེན”གནམ་གྲུའི་རིང་ཚད་ལ་སྨི་16.35ཡོད་པ་དང་། གཤོག་པ་སྨི་25རྐྱོང་ཐུབ་པ། འཕུར་སྐྱོད་བྱེད་རིང་ལྗིད་ཚད་ལྕི་ཤོས་ཏུན་16ཐེག་ཐུབ་པས། ཐེག་ཚད་ཆེ་བ་དང་། འཕུར་ཚད་མཐོ་བ། མྱུར་ཚད་ཁྱབ་ཁོངས་ཡངས་པ། འཕུར་འབབ་བྱེད་ཡུན་ཐུང་བ་སོགས་ཀྱི་ལེགས་ཆ་ལྡན་པས། དེའི་གཤིས་ནུས་དམིགས་ཚད་ནི་རིགས་གཅིག་པའི་ཐོན་རྫས་ཀྱི་མདུན་གྲལ་དུ་སླེབས་ཡོད།
དཔེ་དུམ་ཅན་གྱི་ལས་འགན་ཐེག་ཁུར་བརྗེ་རེས་བྱས་པ་བརྒྱུད།“ཅིའུ་ཐེན”མི་མེད་གནམ་གྲུས་ཐག་རིང་ལུང་ཁུག་དང་མཚོ་གླིང་དུ་དངོས་ཟོག་ལྕི་རིགས་སྐྱེལ་འདྲེན་དང་ཟོག་འགྲེམས་སྐྱེལ་འདྲེན་གྱི་ལས་འགན་གང་ལེགས་སྒྲུབ་ཐུབ་ལ། འཕྲལ་སྡོམ་རོགས་སྐྱོབ་ཁྲོད་འཕྲིན་གཏོང་གང་མགྱོགས་སླར་གསོ་དང་གེགས་སེལ་སྒྲིག་ཆས་སྐྱེལ་ཐུབ་པ་མ་ཟད། ད་དུང་ས་ཁམས་ཐིག་རིས་འབྲི་བ་དང་གཏེར་རྫས་ཡོངས་བཤེར་སོགས་ཀྱི་ཞབས་འདེགས་ཞུ་ཐུབ་ཅིང་། དེའི་ཁྱབ་ཁོངས་རིག་དངོས་རྩད་ཞིབ་ཐིག་ལེན་དང་། མཚོ་ཐོག་སྐོར་ཞིབ་ཁྲིམས་སྒྱུར། ནགས་ཚལ་མེ་གསོད་སོགས་མང་པོར་ཁྱབ་ཡོད།
ད་ཐེངས་ཀྱི་འཕུར་སྐྱོད་ཐོག་མ་ལེགས་གྲུབ་བྱུང་བ་དེ་ཐོག་ནས་རང་རྒྱལ་གྱི་མི་མེད་གནམ་གྲུ་ཆེ་གྲས་ཀྱི་ལག་རྩལ་ལ་ཐོད་བརྒལ་གསར་པ་བྱུང་བ་མཚོན་ཞིང་། དེའི་གཞི་རྒྱ་ཆེ་བའི་བཀོལ་སྤྱོད་ཀྱིས་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།