དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྐྱ་ཐེར་ཐང་རྒོད་འབྲས་ཤིང་ར་བར་གྱུར། མང་ཚོགས་བཞིན་ལས་དགའ་བའི་འཛུམ་མདངས་འཕྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཧོ་ཅན་མིང་།   |     སྤེལ་དུས།  2025-12-14

    སྟོན་མཇུག་ཏུ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ཝན་ཧོ་ཞིང་ལས་སྡོང་ཐུང་ཀུ་ཤུ་འདེབས་འཛུགས་རྟེན་གཞིའི་ཀུ་སྡོང་ལ་དམར་ཐིང་ཐིང་གི་ཀུ་ཤུ་བཏགས་ཡོད་པ་དང་། སྐྱིད་གཤོངས་གྲོང་རྡལ་སླེའུ་ཆུང་གྲོང་ཚོའི་ཡུལ་མི་སྐལ་སྒྲོན་གྱིས་མ་ལག་བདེ་པོས་ཀུ་ཤུ་བཀོག་ནས་སླེལ་པོའི་ནང་བླུག་བཞིན་འདུག

    “སྔོན་ཆད་འདི་གར་དགུན་དཔྱིད་གཉིས་སུ་བྱེ་རླུང་ལྡང་མང་ཤོས་ཀྱི་ས་ཆའི་གྲས་ཤིག་ཡིན་པས། བྱེ་རླུང་ལྡང་རིམ་བཞིན་མིག་ཀྱང་གདངས་དཀའ་བར་གྱུར་གྱི་ཡོད་ལ། ཡུལ་མིའི་འཚོ་བའང་ཧ་ཅང་སྐྱོ་པོ་ཡོད”ཅེས་སྐལ་སྒྲོན་གྱིས་སྔོན་ཆད་ཀྱི་འཚོ་བར་ཕྱིར་དྲན་བྱེད་བཞིན་མགོ་བོ་གཡུག་གཡུག་བྱེད་བཞིན་བཤད།

    2019ལོར་གོང་དཀར་རྫོང་གིས་སྡོང་ཐུང་ཀུ་ཤུ་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་ཏེ་སྔར་བྱུང་མྱོང་མེད་པའི་ལྗང་མདོག་གསར་བརྗེ་ཞིག་བྱ་རྒྱུའི་ཐག་བཅད་པ་དང་། དུས་དེ་ནས་བཟུང་གནས་དེར་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད།

    ཚོགས་པས་ཧྲའན་ཤིས་ཡན་ཨན་དང་ཧྲན་ཏུང་ཡན་ཐའེ་སོགས་སུ་ཐེངས་གསུམ་བསྐྱོད་ནས་ཉམས་མྱོང་སློབ་སྦྱོང་བྱས་མཐར། གྲང་བཟོད་དང་ཐན་འགོག་ཐུབ་པའི་མཐུད་གཞིའི་སྡོང་ཐུང་བདམས་པ་མ་ཟད། དབྱི་སི་རལ་གྱི་ཐིགས་ཆུ་གཏོང་བའི་མ་ལག་ཀྱང་ནང་འདྲེན་བྱས་ནས་ཆུ་ཚོད་འཛིན་གནད་སྨིན་ཡོང་ཐབས་བྱས་ཏེ། ཀུ་ཤུ་སྐྱེ་འཚར་ཡག་པོ་ཡོང་ཆེད་ཆ་རྐྱེན་བཟང་ཤོས་བསྐྲུན་ཡོད།

    ཚང་མ་ཧང་སངས་དགོས་པ་ཞིག་ནི། ས་མཐོའི་སྨུག་ཕྱིའི་འོད་དྲག་པོ་དང་ཉིན་མཚན་གྱི་དྲོད་ཁྱད་ལས་ཀུ་ཤུའི་མདོག་ཚད་90%ལ་སླེབས་པ་དང་། རོ་དེ་བས་མངར་བ། དྲི་དེ་བས་ཞིམ་དུ་ཕྱིན་ཡོད།

    ད་ཆ་གོང་དཀར་རྫོང་གི་སྡོང་ཐུང་ཀུ་ཤུའི་ཐོན་ལས་ལ་སྔ་སྨིན་ཀ་ལ་དང་འབྲིང་སྨིན་དང་ཕྱི་སྨིན་གྱི་རི་མཐོའི་ཧྥུའུ་ཧྲི་སོགས་སྣ་ཁ་མང་པོ་ཡོད།

    ཀུ་ཤུ་ཞིག་མེ་ཏོག་བཞད་པ་ནས་འབྲས་བུ་བསྡུ་བའི་བར་མེ་ཏོག་ཉུང་གཏོང་དང་། ཡལ་བཞུར་རྒྱག་པ། འགྱིག་ཤོག་གཡོགས་པ་སོགས་རྙོག་འཛིང་ཆེ་བའི་ལས་རིམ་མང་པོ་བརྒྱུད་དགོས་པས། དེ་ནི་ངལ་རྩོལ་མང་འདུས་ཅན་གྱི་ཐོན་ལས་ཤིག་རང་རེད། “རྟེན་གཞིར་ངས་ཡལ་བཞུར་རྒྱག་སྟངས་དང་། ཡལ་ག་འཐེན་སྟངས། གནོད་འབུ་འགོག་སྟངས་བཅས་ཤེས་བྱུང་བས། ད་ལྟ་ཀུ་ཤུ་འདེབས་མཁས་པོ་ཡོད” སྔོན་ཆད་ལོ་ཏོག་ཁོ་ན་ལས་འདེབས་མི་ཤེས་པའི་སླེའུ་ཆུང་གྲོང་ཚོའི་གྲོང་མི་ཕུར་བུ་ཚེ་རིང་ད་ཆ་དེང་རབས་ཤིང་འབྲས་ལས་རིགས་འཕེལ་རྒྱས་གཏོང་བར་གཞོལ་མཁན་གྱི“ཞིང་པ་གསར་པ”ཞིག་ཏུ་གྱུར་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་6ཙམ་ཡོང་གི་ཡོད།

    མི་རྣམས་དེ་བས་དགའ་འོས་པ་ཞིག་ནི་སྐབས་ཤིག་རིང་གྲོང་ཁྱེར་ཆེན་པོའི་འཚོ་བར་ཡིད་སྨོན་བྱེད་མཁན་གཞོན་ནུ་ཚོ་ཕ་ཡུལ་དུ་ལོག་འགོ་ཚུགས་ཤིང་། “ཕ་ཡུལ་འཕེལ་རྒྱས་གཏོང་བར་ང་ཚོ་ལྟ་བུའི་གཞོན་ནུ་དགོས་པས། ངས་སྦྱངས་པའི་ཤེས་བྱ་སྤྱད་དེ་མི་དེ་བས་མང་བར་ཕ་ཡུལ་གྱི་ཀུ་ཤུའི་བྲོ་བ་མྱོང་དུ་འཇུག་རྒྱུ་མ་ཟད། དེ་དག་ཐག་དེ་བས་རིང་བའི་ས་ཆར་འཚོང་ཐུབ་པ་བྱ་རྒྱུ་ཡིན ”ཞེས་འདི་ལོ་བོད་ལྗོངས་སློབ་གྲྭ་ཆེ་མོ་ཐོན་པའི་ཕུར་བུ་ཆུང་ལགས་ཀྱིས་བཤད།

    ན་ནིང་གོང་དཀར་རྫོང་གིས་ད་དུང“སྲིད་གཞུང་དང་ཁེ་ལས་ཟུང་དུ་འབྲེལ་བའི”མཉམ་གཉེར་བྱེད་སྟངས་བཏོན་པ་དང་། ཝན་ཧོ་དང་ཆན་ཧོ་ཞིང་ལས་ཀུང་སི་བཙུགས་ཏེ་ཁྲོམ་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་བཙུགས་ཡོད། ཁེ་ལས་ཀྱིས་སྤུས་རྟགས་འཛུགས་སྐྱོང་དང་གྲང་ཕྲེང་ཟོག་འགྲེམས་ཀྱི་འགན་འཁུར་བ་དང་། སྲིད་གཞུང་ནས་རྨང་གཞིའི་སྒྲིག་བཀོད་དང་ཁ་གསབ་སྤྲོད་པ་མ་ཟད། མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན་ཡང་ལག་རྩལ་གསོ་སྦྱོང་བྱེད་པར་གདན་དྲངས་ཡོད། དེ་དང་ཆབས་ཅིག་ཐོན་ལས་འཁོར་འབྲེལ་མཉམ་དུ་སྣུར་སྲིང་ཐུབ་ཡོད། སྨི་རྒྱ་དཔངས་གྲུ་བཞི་7720ཡོད་པའི་གྲང་མཛོད་དུ་ཤིང་འབྲས་སོས་པ་ཏུན་800ཉར་ཚགས་ཐུབ་ཀྱི་ཡོད་པས། ཀུ་ཤུའི་ཆུ་ལྡན་ཚད་དང་བྲོ་བ་འགན་ལེན་ཐུབ་ལ། ཀུ་ཤུ་སོས་ཉར་བྱེད་པའི་དུས་ཡུན་ཡང་རིང་དུ་གཏོང་ཐུབ། ལྦུ་སོབ་སྒྲིག་ཆས་ཀྱིས་སྤུས་ཀ་ཅུང་ཞན་པའི་ཀུ་ཤུ་དག་སྐམ་སྣོན་བྱས་ནས་ཀུ་ཤུའི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་གི་ཡོད།

    ཡར་ཀླུང་གཙང་པོའི་ངོགས་ནས་ཐག་རིང་ལ་རྒྱང་ལྟ་བྱེད་སྐབས། སྔོན་ཆད་སྐྱ་ཐེར་ཐེར་གྱི་ཐང་རྒོད་དེ་ད་ཆ་འབྲས་བུའི་ཁུར་གྱིས་ལྗིད་པའི་འབྲས་ཤིང་ར་བར་གྱུར་ཡོད།

    (《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།