དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཏུར་མེན་སི་ཐན་གྱི“རྒྱལ་སྤྱིའི་ཞི་བདེ་དང་ཡིད་རྟོན་ལོའི་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-12-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་12ཉིན། “རྒྱལ་སྤྱིའི་ཞི་བདེ་དང་ཡིད་རྟོན་ལོའི་གླེང་སྟེགས”ཏུར་མེན་སི་ཐན་གྱི་གྲོང་ཁྱེར་ཨ་ཧྲི་ཁ་པད་དུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཏུར་མེན་སི་ཐན་གྱིས་གྲོས་འགོ་བཏོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་ཞི་བདེ་དང་ཡིད་རྟོན་ལོ་ཡིན་པ་དང་། དེ་རིང་ནི་ཏུར་མེན་སི་ཐན་ལ་ཡུན་རིང་བར་སྡོད་ཀྱི་གནས་བབ་ཐོབ་ནས་ལོ་ངོ་30འཁོར་བ་དང་ཏག་ཏག་འཁེལ་ཡོད། ཀྲུང་གོ་དང་ཏུར་མེན་སི་ཐན་རྒྱལ་ཁབ་གཉིས་པོ་ནི་བློ་སེམས་གཅིག་མཐུན་གྱི་གྲོགས་པོ་བཟང་པོ་དང་མཉམ་ལས་གཉིས་ཁེའི་རོགས་ཟླ་བཟང་པོ་ཡིན། ཏུར་མེན་སི་ཐན་ཕྱོགས་ནས་ཡུན་རིང་བར་སྡོད་ཀྱི་སྲིད་ཇུས་ལག་ལེན་བསྟར་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ཏུར་མེན་སི་ཐན་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཁབ་ཁག་གི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱས་པར་བསྔགས་བརྗོད་བྱེད་ཀྱི་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་གོ་ལ་ཧྲིལ་པོ་ཅན་གྱི་འགྲན་སློང་རྫོགས་རྒྱུ་མེད་པ་དང་གདོང་ཐུག་དང་འགྲན་རྒོལ་གཅིག་འཇགས་གཉིས་ལངས་སུ་ཐོན་བཞིན་ཡོད་པས། འཛམ་གླིང་གིས་དེ་སྔའི་དུས་གང་རུང་ཞིག་ལས་ཀྱང་ཞི་བདེ་དང་ཡིད་རྟོན་ཡོང་བའི་རེ་འབོད་བྱེད་ཀྱི་ཡོད། རྒྱལ་སྤྱིའི་དུས་བབ་ཇི་ཙམ་འགྱུར་ལྡོག་དང་ཟང་ཟིང་ཆེ་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་ཙམ་གྱིས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་བྱེད་དགོས་པ་ལོ་རྒྱུས་ལས་ང་ཚོར་གསལ་པོར་བསྟན་ཡོད། ང་ཚོས་ཕན་ཚུན་བརྩི་འཇོག་དང་། ཡིད་རྟོན། བསམ་ཤེས་བཅས་བྱས་ཏེ། ཞི་བདེའི་མཚལ་ཡིག་འདུམ་འགྲིག་བྱེད་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གོ་གནས་བརྟན་པོ་སྲུང་བ། ཞི་བའི་ཐབས་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་མཐའ་འཁྱོངས་བཅས་བྱས་ནས། བཙན་པོ་དབང་ཡོད་དང་བཙན་པོ་ཧམ་ཤེད། དེ་བཞིན་གཞན་གནོད་རང་ཕན་བྱེད་མཁན་བཅས་ལ་ངོ་རྒོལ་བྱེད་དགོས། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་བྱས་ཏེ། ཡིད་རྟོན་གྱི་མཚལ་ཡིག་སེལ་བ་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྟེན་ནས་དྲང་གཞག་དྲང་བདེན་ལ་འགན་སྲུང་བྱེད་པ། ཕྱོགས་མང་རིང་ལུགས་ལ་བརྟེན་ནས་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་ལས་དོན་ལ་ཚང་མས་གྲོས་མོལ་དང་། རྒྱལ་སྤྱིའི་སྒྲིག་ལམ་ཚང་མས་མཉམ་དུ་སྲུང་བ། བཅོས་སྐྱོང་གི་གྲུབ་འབྲས་ཚང་མས་མཉམ་དུ་སྤྱོད་པ་བཅས་མཐའ་འཁྱོངས་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་རིང་བའི་གོང་། ངས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།