བྱ་དགའི་སྟེགས་བུར་འཛེགས། སྤོབས་སེམས་ཆེས་ཆེར་བཅངས།
ལོ་15ལ་སླེབས་པའི་ན་གཞོན་ཞིག་གིས་བྱ་དགའ་ལེན་སའི་སྟེགས་བུར་འཛེགས་ཏེ་གསེར་གྱི་རྟགས་མ་མཐོན་པོར་བཀྱགས་པ་དང་། སྐེར་གཡོགས་པའི་དཀར་གཙང་མཇལ་དར་དལ་གྱིས་འགུལ་བཞིན་འདུག དེ་ནི་རྒྱལ་ཡོངས་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་དམིགས་བསལ་ཨོ་ལིམ་ཕིག་མཆོང་རྒྱུག་འཕེན་གསུམ་འགྲན་རར་སྨི་50ཡི་ཐག་ཐུང་རྒྱུག་ཤར་གྱི་ཨང་དང་པོ་ལེན་མཁན་བོད་ལྗོངས་ཉིང་ཁྲི་ནས་ཡིན་པའི་གཞོན་ནུ་བཀྲ་ཤིས་ཕུན་ཚོགས་རེད།
“དང་ཐོག་ང་ཅུང་ཟད་འཚབས་བྱུང་། འགྲན་རྩོད་པ་གཞན་དེ་ང་ལས་གཟུགས་པོ་ཆེ་བས། ང་ཨང་གཉིས་པ་མ་གཏོགས་ལེན་ཐུབ་པ་མི་འདུག་བསམས་བྱུང་། འགྲན་རར་སླེབས་རྗེས། ཨང་དང་པོ་ལེན་འདོད་ཆེན་པོ་བྱུང་བས་ཤུགས་གང་ཡོད་བརྒྱབ་པ་ཡིན”ཞེས་བཀྲ་ཤིས་ཕུན་ཚོགས་ཀྱིས་རྒྱ་སྐད་དེ་ཙམ་བྱང་པོ་མེད་རུང་སྤོབས་སེམས་ཆེན་པོས་བཤད། ཆུང་དུས་ནས་ལུས་རྩལ་ལ་དགའ་བའི་ཁོང་རྩལ་ཁྲིད་དགེ་རྒན་དང་ཐུག་རྗེས་རྒྱང་རྒྱུག་དང་ལས་འབྲེལ་ཟབ་མོ་ཆགས་ཤིང་། “སྔོན་ཆད་ང་ལན་ཆིའུ་སྤོ་ལོ་རྒྱག་རྒྱུ་མ་གཏོགས་དགའ་པོ་མེད། ཉིང་ཁྲི་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་སླེབས་པའི་རྗེས། རྩལ་ཁྲིད་དགེ་རྒན་ཞིག་གིས་ངས་རྒྱུག་ཤར་ཡག་པོ་གློད་ཐུབ་ཀྱི་འདུག་གསུངས་བྱུང་། དེ་རྗེས་ངས་རྒྱང་རྒྱུག་གློད་འགོ་བཙུགས་པ་ཡིན། དེ་རིང་སྨི་50ཡི་རྒྱུག་ཤར་འགྲན་བསྡུར་ལ་ཞུགས་པས་མ་ཚད། ཨང་དང་པོའང་ཐོབ་བྱུང”
ཉིན་དེར། དམིགས་བསལ་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མཁན་བོད་ཀྱི་ལུས་རྩལ་པ་ཚོར་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་རར་ཁྱོན་རྟགས་མ་བཅུ་རག་ཡོད། ཁོང་ཚོ་ནི་བཀྲ་ཤིས་ཕུན་ཚོགས་དང་འདྲ་བར་བྲང་ཁར་འོད་མདངས་འཕྲོ་བའི་རྟགས་མ་བཏགས་པ་དང་སྐེ་ལ་དཀར་གཙང་མཇལ་དར་གཡོངས་ཡོད།
དཀར་གཙང་མཇལ་དར་དེ་དག་ནི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་ལ་ཞུགས་མཁན་བོད་ཀྱི་དབང་སྐྱོན་རུ་ཁག་གི་རྩལ་ཁྲིད་དགེ་རྒན་གསལ་སྒྲོན་གྱིས་ཆེད་མངགས་ཁྱེར་འོང་བ་ཞིག་རེད། ཁོང་ནི་དེ་སྔ་སློབ་གྲྭ་དཀྱུས་མ་ཞིག་གི་ལུས་རྩལ་དགེ་རྒན་ཡིན་པ་དང་། 2019ལོར་དམིགས་བསལ་སློབ་གསོའི་སློབ་གྲྭར་ལས་སྒྱུར་བྱས་རྗེས། ཕྲུ་གུ་ཚོ་དང་འབྲེལ་བ་དམ་ཟབ་ཆགས།
ཕྲུ་གུ་ཚོ་འགྲན་བསྡུར་ཚར་རིམ་བཞིན་གསལ་སྒྲོན་དང་རུ་སྣེ་འཁྲིད་མཁན་འཆི་མེད་གཉིས་པོས་ལག་ཏུ་སྟོད་ཐུང་དང་ཁ་བཏགས་ཁྱེར་ནས་སྟེགས་བུའི་གཤམ་གྱི་ངལ་གསོ་རྒྱག་ཁུལ་དུ་ཤར་རེར་རྒྱུག་འགྲོ་གི་ཡོད། “མི་འཁྱགས་པ་གྱིས་ཤིག སྟོད་ཐུང་མགྱོགས་པོ་གྱོན”ཞེས་གསལ་སྒྲོལ་གྱིས་རྔུལ་ཆུས་འཚོས་པའི་ཕྲུ་གུ་ཚོར་དྲོད་སྲུང་བྱེད་དགོས་པའི་ཁ་ཏ་བྱེད་པ་དང་སྦྲགས་དང་བླངས་པར་གྱོན་གོས་མཐུག་པོ་གཡོག་རོགས་ཞེས་ཟེར་ཞོར་དུ་ཁ་བཏགས་འཕྲལ་དུ་ཕྲུ་གུ་ཚོའི་སྐེར་གཡོགས་པ་རེད།
འཚོ་བའི་ཐད་ལྟ་སྐྱོང་ཞིབ་ཚགས་བྱེད་ལ། སྦྱོང་བརྡར་བྱེད་སྐབས་ངང་རྒྱུད་རིང་པོས་ཁྲིད་སྟོན་བྱེད་ཀྱི་ཡོད། གྲུབ་འབྲས་ལེགས་ཉེས་ཅི་འདྲ་ཞིག་ཐོབ་རུང་ཕྲུ་གུ་ཚོ་རང་སྐྱ་འཕེར་བ་དང་སྤོབས་སེམས་ཆེན་པོས་འགྲན་རར་ཞུགས་པ་མཐོང་སྐབས། དཀའ་ངལ་ག་ཚོད་འཕྲད་ཀྱང་བློས་གཏོང་བྱེད་རིན་འདུག་བསམ་གྱི་འདུག “ང་ཚོ་ནི་ཕྲུ་གུ་ཚོའི་ཕ་མ་ལྟ་བུ་ཡིན”ཞེས་གསལ་སྒྲོལ་གྱིས་བཤད།
ཉིན་གཅིག་གི་འགྲན་བསྡུར་མཇུག་འགྲིལ་ལ་ཉེ་སྐབས། དོན་གྲུབ་སྒྲོལ་མས་བུད་མེད་ཀྱི་ལོ་12ནས་15བར་གྱི་ཚོ་ཆུང་གི་སྨི་50ཡི་ཐུང་རྒྱུག་ནང་དངུལ་གྱི་རྟགས་མ་བླངས་པ་རེད། བྱ་དགའ་སྤྲོད་པའི་མཛད་སྒོ་མཇུག་འགྲིལ་རྗེས། ཁོ་མོ་ཟིན་འགོད་ཁང་དུ་ཡོང་ནས་དགའ་སྤྲོའི་ངང་ལག་བརྡ་བྱེད་བཞིན་དུ་སེམས་ནང་གནོན་མི་ཐུབ་པའི་སྤྲོ་སྣང་འཛུམ་མདངས་ལས་སྟོན་བཞིན་ཡོད།
གསར་འགོད་པས་ཁོ་མོས་གང་བཤད་ཀྱི་འདུག་ཅེས་དྲིས་སྐབས་གསལ་སྒྲོན་གྱིས“དངུལ་གྱི་རྟགས་མ་ལེན་ཐུབ་སོང་བས། ཧ་ཅང་དགའ་པོ་འདུག”ཅེས་སྐར་སྒྱུར་བྱས།
(ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང)
འབྲེལ་ཡོད་གསར་འགྱུར།