དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུས་མངའ་ལོན་པའི་ལྡེ་མིག

    —— 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པར་འཛམ་གླིང་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཧན་ལེང་། ཀྲང་ཡོན། ཀྲའོ་ཡན།   |     སྤེལ་དུས།  2025-12-13

    འདི་ནི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་རྒྱ་ཡིག་དང་དབྱིན་ཡིག་པར་མའི་དེབ་སྤུས་མ་དང་དེབ་དཀྱུས་མ་ཡིན་པ།

    ཟླ་12པའི་ཟླ་འགོར་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཀློག་པ་པོའི་འདུ་ཚོགས་ལ་མི་མང་པོ་ཞུགས་ཡོད་པ་དང་ཁང་པའི་ནང་གི་སྤྲོ་སེམས་འཁོལ་བའི་རྣམ་པ་དང་སྒེའུ་ཁུང་ཕྱི་རོལ་གྱི་རབ་ཏུ་འཚེར་བའི་ཉི་འོད་ཕན་ཚུན་གཅིག་ལ་གཅིག་རྒྱན་དུ་གྱུར་ཡོད། ཁེན་ནི་ཡའི་མཉམ་འབྲེལ་དམངས་གཙོ་མནའ་མཐུན་གྱི་ཏང་ཡོན་ཅི་ཆན་ཅི·ཅི་ཐུང་ཅཱ་ཡིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་པར་མ་ཁ་ཕྱེ་ནས“ངས་དེའི་ཁྲོད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་འདུ་ཤེས་གསར་ཤོས་ཤེས་རྟོགས་བྱེད་འདོད་ཆེན་པོ་འདུག”ཅེས་བརྗོད།

    འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཇུས་གཞི་ཇི་ལྟར་སྐྱེས་སུ་ཕུལ་བ་དང་མིའི་རིགས་དར་རྒྱས་དང་ཡར་ཐོན་ལ་གོ་སྐབས་ཇི་ལྟར་གསར་གཏོད་དང་སྒུལ་ཤུགས་ཇི་ལྟར་བསྣན་ཡོད་དམ། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་རྒྱ་ཡིག་དང་དབྱིན་ཡིག་གི་པར་མ་གོ་ལ་ཧྲིལ་པོར་ཕྱོགས་ཡོངས་ནས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་ཆབས་ཅིག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔེ་དེབ་ནང་ནས་དྲི་ལན་རྙེད་རེ་དང་བློ་སྒོ་འབྱེད་རེ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

    ཀྲུང་གོར་ལྟ་ཞིབ་བྱེད་པའི་འཇུག་སྒོ་གལ་ཆེན།

    《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་གོ་ལ་ཧྲིལ་པོའི་བསམ་བློའི་ལས་རིགས་དང་སྨྱན་སྦྱོར་ལ་ཀྲུང་གོར་ལྟ་ཞིབ་བྱེད་པའི་འཇུག་སྒོ་གལ་ཆེན་ཞིག་ཕྱེ་ཡོད། ཆེད་དོན་18ཀྱི་རྣམ་བཤད་གལ་ཆེན་91ཁྲོད་ནས་མི་རྣམས་ཀྱིས་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་མི་རིགས་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་ཤེས་རྟོགས་ཐུབ་པ་སྟེ། དུས་རབས་ཀྱི་འགྱུར་ལྡོག་ཆེན་པོར་བསྟུན་པའི་བློ་སྟོབས་དང་གསར་བརྗེ་ཡོད་ལ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྟན་སྲུང་དང་ངེས་ཤུགས་ཀྱང་ཡོད་པ་དེ་རེད།

    “དཔེ་དེབ་འདིའི་ཆེད་དོན་དང་པོ་ཁ་ཕྱེ་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གཙོ་རྐང་ཞིག་མཐོང་ཐུབ་པ”དང་། “ཀྲུང་གོའི་གསར་གཏོད་ཉམས་མྱོང་དང་འཕེལ་རྒྱས་ཀྱི་འདུ་ཤེས་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས་པ” “ཚན་རྩལ་རང་རྟེན་ནུས་པ་འཛུགས་སྐྱོང་ལ་དོ་སྣང་ཆེན་པོ་བྱེད་པའི་ནང་དོན” “ཀྲུང་གོས་འགྲན་སློང་གལ་ཆེན་ལ་ཁ་གཏད་བཅག་པའི་བྱེད་ཐབས་མི་ཉུང་བ་ཞིག་མཐོང་ཐུབ་པ”ལ་སོགས་ཕྱི་རྒྱལ་གྱི་ཀློག་པ་པོ་ཚོས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་རང་ཉིད་ཀྱིས་དེབ་ལྔ་པའི་ནང་དོ་ཁུར་ཆེ་ཤོས་བྱེད་པའི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་བརྗོད་པ་རེད།

    པར་ཙིར་ཧྲེང་པའོ་ལུའོ་ཀྲོའུ་འཛུགས་སློབ་ཆེན་གྱི་མཚན་ཉིད་རིག་པ་དང་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལུའུ་དབྱི་སི·པའོ་ལི་ནུའོ་ཡིས“ཕྱི་རོལ་གྱི་ཆ་རྐྱེན་ལ་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་ཀྲུང་གོས་ནང་མཁོ་མུ་མཐུད་རྒྱ་སྐྱེད་བཏང་བ་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་འདུག”ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་མིར“མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ནུས་པ་ཆེ་ཤོས་ལྡན་པའི་ལག་ལེན་པ”ཞེས་བརྗོད་པ་དང་གསུང་རྩོམ་དེ་ཐོག་ནས་ཀྲུང་གོས“མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་འཕེལ་རྒྱས་བཏང་བ”སླར་ཡང་མངོན་པའི་ངོས་འཛིན་བྱས་པ་རེད།

    རང་ཉིད་ཀྱི་དེང་རབས་ཅན་གྱི་ལམ་བུར་བསྐྱོད་པ།

    ཉེ་ཆར། ཐེ་ཀྲུང“རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝེ་ལུན·ཕི་ཁྲ་ཝུང་ཕ་ཏིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་པར་མ་རང་ཉིད་ཀྱི་འགྲམ་དུ་བཞག་ནས་དུས་དང་རྣམ་པ་ཀུན་ཏུ་ཀློག་ཐུབ་པ་བྱེད་ཀྱི་ཡོད།

    ཝེ་ལུན་གྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ཞིབ་འཇུག་བྱ་གཞི་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་ཐབས་ལམ་ཡིན་པ་དང་“དེའི་ནང་མི་དུང་ཕྱུར་14ལྷག་ཙམ་གྱི་ལག་ལེན་ལས་བྱུང་བའི་ཉམས་མྱོང་རྩ་ཆེན་འདུས་ཡོད་པའི”ངོས་འཛིན་བྱས་ཡོད། “‘གནས་ལུགས་བསྡུས་པོ་དགོས་པ་དང་། དོན་གཉེར་གཙོ་བོར་འཛིན་དགོས’ཞེས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟག་ཏུ་གསུངས་པའི་བཀའ་མོལ་ངས་བློ་ལ་བརྟན་པོར་ངེས་ནས་ཡོད” ཁོང་གིས་དེང་སྐབས་འཛམ་གླིང་ལ་བསྡོམས་སྟོངས་འཐབ་འགྲན་དང་། ཕྱོཌ་རྐྱང་རིང་ལུགས། བཙན་དབང་ཆབ་སྲིད་བཅས་ཀྱི་འགྲན་སློང་འཕྲད་པས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཡོངས་ཀྱི་ཐུན་མོང་ཁེ་ཕན་ལ་དམིགས་ནས་འཛམ་གླིང་དང་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་དོན་གཉེར་གནང་སྟབས“འཛམ་གླིང་ཡོངས་ཀྱིས་ཀྲུང་གོའི་བྱ་སྤྱོད་མཐོང་ཐུབ་ཡོད”ཅེས་བརྗོད་པ་རེད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་འཆར་གཞི་འདིང་བ་དང་བསྟུན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཐབས་ཇུས་ལ་རྒྱུས་མངའ་ལོན་པའི་དགོས་མཁོ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། མི་རྣམས་ཀྱིས་ཀྲུང་གོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་བསམ་གཞིག་བྱེད་སྟངས་འཚོལ་ཞིབ་བྱས་ནས་དེང་རབས་ཅན་གྱི་བགྲོད་ལམ་ཐོག་འགག་སྒྲོལ་དཀའ་སེལ་བྱེད་པའི་ཉམས་མྱོང་རྩ་ཆེན་བསྡུ་ལེན་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད།

    ཟླ་12ཚེས་3ཉིན། གཡོད་ཧན་ནེ་སི་པའོ་རུ་འཚོགས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་པར་མ་ངོ་སྤྲོད་ཚོགས་འདུའི་ཐོག ཚོགས་ཞུགས་སྐུ་མགྲོན་གྱིས་བསམ་ཚུལ་དང་མྱོང་ཚོར་སྤེལ་རེས་གཏིང་ཟབ་བྱས་པ་རེད། ལྷོ་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་སློབ་ཚོགས་ཀྱི་ཀྲུའུ་རེན་ཅེར་ཐན·པཱ་ནཱ་ཡིས“དེབ་ལྔ་པའི་ནང་དོན་ཞིབ་ཚགས་ལ་གཏིང་ཟབ་པ་དེ་ཐོག་ནས་ཀྲུང་གོའི་ལུཌ་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཉམས་མྱོང་མངོན་པ་མ་ཟད། རྒྱལ་ཁབ་གཞན་དག་གིས་རྒྱལ་ཁབ་དེ་གའི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱ་རྒྱུར་ཡང་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད”ཅེས་བརྗོད་པ་རེད།

    འབྱུང་འགྱུར་མཉམ་དུ་གཏོད་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས།

    ཕྱི་རྒྱལ་གྱི་ཀློག་པ་པོ་མང་པོ་ཞིག་གིས་དེབ་ལྔ་པའི་ནང་གི“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པའི་ཆེད་དོན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་རྗེས་ད་ལོའི་ཟླ་9པར། ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་ལ་ཞུགས་སྐབས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་གནང་བ་རེད། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིའི་ལྟ་ཞིབ་གཏིང་ཟབ་དང་། བརྒྱུད་རིམ་ལྡན་པའི་བསམ་བློ། དངོས་སྒྲུབ་ཀྱི་ཇུས་གཞི་བཅས་ཀྱིས་མིའི་རིགས་ཀྱིས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་བྱེད་ཐབས་གལ་ཆེན་མཁོ་འདོན་གནང་ཡོད།

    ཁེར་གྷི་སི་ཐན་འཛམ་གླིང་ཆབ་སྲིད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཧྲེ་ལཱ་ཅིར·པཱ་ཁེ་ཐེ་ཀུའུ་ལུའོ་ཕུའུ་ཡིས། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི“མཚོ་ཐོག་རླུང་འཚུབ་ཁྲོད་ཀྱི་མཚོ་འགྲུལ་ཕྱོགས་སྟོན”ལྟ་བུར་ངོས་འཛིན་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དཀའ་ངལ་ལས་སྒྲོལ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཡོད་ཅེས་བརྗོད།

    ཨ་རིའི་ཁུའུ་ཨིན་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལུའོ་པོ་ཐེ·ལའོ་ལུན་སི·ཁུའུ་ཨིན་གྱིས། ཉིན་རེ་བཞིན་ཁ་ཕྲལ་དུ་འགྲོ་བ་དང་ཡོ་ལང་ཆེ་ཞིང་སྒྲིག་འཛུགས་བརླག་པའི་འཛམ་གླིང་གི་གནད་དོན་ལ་དམིགས་ནས་ཀྲུང་གོས་དཔའ་ངར་ཆེན་པོས་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་བསྒྲེངས་པ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིས“རང་ངོས་འཕེལ་རྒྱས་ལ་དེ་བས་བརྟན་ལྷིང་གི་ཕྱི་ཕྱོགས་ཁོར་ཡུག་བསྐྲུན་པ་མ་ཟད། དུས་རབས་ཀྱི་རེ་འབོད་ལའང་ལན་ནུས་ལྡན་ཞིག་སློག་པའི”ངོས་འཛིན་བྱས་པ་རེད།

    “གྲོས་འགོ་དེ་དག་རྒྱལ་ཁབ་ཁག་གི་ཡོངས་ཁྱབ་ཀྱི་ཁེ་ཕན་དང་ཐུན་མོང་གི་དགོས་མཁོ་དང་མཐུན་ཡོད” “ཀྲུང་གོས་གཙོ་ཁྲིད་བྱེད་པའི་ཆེད་དུ་མིན་པར་གནད་དོན་ཐག་གཅོད་བྱ་ཆེད་རེད” “ཀྲུང་གོས་འདུ་ཤེས་བཏོན་པ་མ་ཟད། བྱ་སྤྱོད་ཐོག་འཁྱོལ་བ་བྱས་ཡོད”ཅེས་ཕྱི་རྒྱལ་གྱི་ཀློག་པ་པོས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་བསམ་གཞིག་བྱས་པ་ལས་ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་ལ་བསྔགས་བརྗོད་དང་ངོས་འཛིན་གཅིག་མཐུན་བྱུང་བ་མཚོན་ཡོད།

    “‘གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོཌ་པ་འཛུཌ་པར་མཉམ་དུ་སྐུལ་འདེད་གཏོང་དགོས” “མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་བྱ་སྤྱོད་དུ་བསྒྱུར་བ་དང་འདུན་པ་དོན་དངོས་སུ་སྒྱུར་དགོས”ཞེས་པ་ལ་སོགས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ནང་གི་ཚིག་ཐག་ཆོད་པའི་བཀའ་མོལ་དེ་དག་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་པའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།