དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “རྒན་ལགས་ཡག་པོའི”གསར་བརྗེའི་སློབ་ཁྲིད་ཟབ་སྦྱོང་འཛིན་གྲྭའི་དང་བླངས་ཞབས་ཞུས།

    ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་ཆེད་ཕྱར་བ་གྲུ་འདེགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-13

    2024ལོའི་ཉིན་ཞིག་ལ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྐྱོར་མོ་ཁྲོམ་གཞུང་གཙང་རྒྱུད་སྡེ་ཁུལ་གྱི་ལོ་རིམ་ལྔ་པའི་སློབ་མ་སྦྱིན་པ་རྒྱ་མཚོས་ལག་ཏུ་བྱ་དགའ་ཁྱེར་ནས་དགའ་ཚོར་ཆེན་པོས“རྒན་ལགས་ཡག་པོའི”གསར་བརྗེའི་སློབ་ཁྲིད་ཟབ་སྦྱོང་འཛིན་གྲྭའི་ཕྱོགས་སུ་རྒྱུགས་ནས་རྒན་དབྱང་ཙེ་ཁུན་ལ“རྒན་ལགས། ང་གྲོང་ཁྱེར་རིམ་པའི་བཟང་པོ་ལྔ་ལྡན་གྱི་སློབ་མར་བདམས་འདུག”ཅེས་དགའ་ཚོར་ཆེན་པོས་བརྗོད།

    “རྒན་ལགས་ཡག་པོའི”གསར་བརྗེའི་སློབ་ཁྲིད་ཟབ་སྦྱོང་འཛིན་གྲྭའི་དང་བླངས་ཞབས་ཞུའི་རྣམ་གྲངས་ནི་བོད་ལྗོངས་ཞིང་འབྲོག་སློབ་ཆེན་དང་བླངས་ཚོགས་པས་གཙང་རྒྱུད་སྡེ་ཁུལ་དང་མཉམ་དུ་སྡེ་ཁུལ་གྱི་ཕྱོགས་མིའི་ལས་མིའི་བུ་ཕྲུག་དང་དེ་བཞིན་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་གཞོན་ནུ་ལོ་ཆུང་ལ་དམིགས་ནས་སྤེལ་བའི་གཞི་རིམ་སློབ་གསོའི་རོགས་སྐྱོར་དང་བླངས་ཞབས་ཞུའི་རྣམ་གྲངས་ཤིག་ཡིན་ཞིང། ད་ཆ་དེ་སྡེ་ཁུལ་དང་། མཐོ་སློབ། ཡུལ་མི་བཅས་ཀྱི་སྦྲེལ་ཟམ་ལྟ་བུར་གྱུར་ཡོད།

    ཟབ་སྦྱོང་འཛིན་གྲྭའི་སློབ་མ་སྦྱིན་པ་རྒྱ་མཚོའི་ཕ་མ་འཚོ་བའི་ཆེད་ཕྱིར་ལས་ཀར་འགྲོ་དགོས་པས་ཕྲུ་གུ་དང་གཤིབ་པའི་དུས་ཚོད་ཉུང་ལ་ཕྲུ་གུར་བྱམས་སྐྱོང་བྱེད་ཁོམ་ཡང་མེད་པར་བརྟེན་སྦྱིན་པ་རྒྱ་མཚོ་ནམ་རྒྱུན་སྐད་ཆ་ཤོད་པར་དགའ་པོ་མེད་ལ་སེམས་སྦུག་དོགས་པས་སློབ་སྦྱོང་ཡང་ཞན་ཙམ་ཡོད།

    དེ་ལྟར་རྒན་དབྱང་ཙེ་ཁུན་གྱིས་སྦྱིན་པ་རྒྱ་མཚོར་རོགས་པ་བྱས་ཏེ་མཚན་མོ་སློབ་ཚན་ཟུར་ཁྲིད་བྱེད་པ་དང་། སློབ་གསེང་སྐབས་མཉམ་དུ་སྐད་ཆ་ཤོད་རེས་དང་ལུས་རྩལ་རྩེ་བ་སོགས་བྱས་མཐར་རྒན་ལགས་ཁོང་སྦྱིན་པ་རྒྱ་མཚོའི་སེམས་ཀྱི་བརྟེན་སར་གྱུར།

    ཉིན་ལྟར་སློབ་ཚན་མ་འཚོག་གོང་སློབ་གྲྭའི་སྒོ་འགྲམ་དུ་རྒན་དབྱང་ཙེ་ཁུན་བསྒུགས་ནས་སྡོད་པ་དང་རྒན་ལགས་སླེབས་རྗེས་རྒན་ལགས་ལ་ལག་པ་བཏང་ནས་མཉམ་དུ་སློབ་ཁང་དུ་འཛུལ་གྱི་ཡོད། སློབ་ཚན་གྲོལ་སྐབས་ཀྱང་རྒན་དབྱང་ཙེ་ཁུན་གྱིས་སྦྱིན་པ་རྒྱ་མཚོ་ཁྲིད་ནས་ཁྱིམ་བདག་ལ་རྩིས་སྤྲོད་ཀྱི་ཡོད།

    “སེམས་ནང་གི་སྐད་ཆ་ཕ་མར་མ་བཤད་པར་རྟག་ཏུ་ང་ལ་ཤོད་ཀྱི་ཡོད”ཅེས་རྒན་དབྱང་ཙེ་ཁུན་གྱིས་དགོད་བཞིན་བརྗོད་བྱུང་།

    རྒན་ལགས་དང་ཡུན་རིང་གཤིབ་རྗེས་སྦྱིན་པ་རྒྱ་མཚོའི་སེམས་བག་ཡངས་སུ་ཕྱིན་པ་མ་ཟད། སློབ་སྦྱོང་ཡང་ཡག་ཏུ་ཕྱིན།

    རིམ་རྩིས་བརྒྱབ་ན། ལོ་བཞིའི་རིང་དང་བླངས་ཞབས་ཞུས་སློབ་ཆེན་སློབ་མའི་དང་བླངས་པ་300ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཟུར་ཁྲིད་བྱེད་སྒོ་ཐེངས་1200ལྷག་ཙམ་དང་ཁྱད་ལྡན་བྱེད་སྒོ་ཐེངས་60ལྷག་ཙམ་སྤེལ་བས་ཕྲུ་གུ་200ལྷག་ཙམ་འཚར་ལོངས་བྱུང་བ་དང་། སློབ་མ་81%ཡི་སྦྱང་འབྲས་ལེགས་སུ་ཕྱིན་པ། ཕྲུ་གུ་5“བཟང་པོ་ལྔ་ལྡན་གྱི་སློབ་མར”བདམས་པ་སོགས་གྲུབ་འབྲས་བཟང་པོ་ཐོབ་ཡོད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་སློབ་སྐྱོར་རྣམ་གྲངས་དང་པོ་དེ་ལད་མོ་ཆོག་པའི་གཞི་རིམ་སློབ་གསོའི་རོགས་སྐྱོར་བྱེད་ཐབས་ལ་བརྩིས་ནས་སྡེ་ཁུལ་གཞན་དག་ལ་ཁྱབ་གདལ་བཏང་བ་རེད།

    གྲུབ་འབྲས་དེ་དག་ཐོབ་པ་ནི་དང་བླངས་པ་ཚོའི་དཀའ་སྤྱད་འབད་བརྩོན་དང་ཁ་འབྲལ་ཐབས་མེད་ལ། གཙང་རྒྱུད་སྡེ་ཁུལ་གྱི་ལས་དོན་མི་སྣ་15ཡིས་དགོས་མཁོར་བརྟག་དཔྱད་ཞིབ་འཇུག་བྱེད་འགན་འཁུར་བ་དང་། རང་གཤིས་ཅན་གྱི་ཁྱད་ལྡན་སློབ་ཚན་བཟོ་བ། སློབ་མའི་འཚར་ལོངས་ཀྱི་ཡིག་ཚགས་བཟོ་བ། དང་བླངས་པའི་ཞབས་ཞུར་ལྟ་སྐུལ། དབྱར་དགུན་གྱི་གུང་གསེང་སྐབས་སློབ་ཆེན་སློབ་མས་ཟུར་ཁྲིད་བཅས་བྱས་པ་དང་ཁ་འབྲལ་ཐབས་མེད། རྩལ་ནུས་གསོ་སྦྱོང་དང་། སློབ་ཆེན་སློབ་མའི་དང་བླངས་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། “ཐོ་བཀོད་དང་། ལག་ལེན་གྱི་དཔང་རྟགས། ལེགས་འདེམས་གཟེངས་བསྟོད”བཅས་ཀྱི་ལྕག་འདེབས་ལམ་སྲོལ་བཙུགས་ནས་ཚོགས་མི་60ཡོད་པའི་དང་བླངས་ཚོགས་པ་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད། “སློབ་སྦྱོང་རོགས་ཟླའི་འཆར་གཞི”དང་། “ཕུགས་འདུན་སྒྲུབ་པ” “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ”སོགས་ཁྱད་ལྡན་བྱེད་སྒོ་སྤེལ་ནས“དང་བླངས་པ་དང་སློབ་མ”ཕན་ཚུན་གཞོགས་འདེགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སློབ་མའི་སློབ་སྦྱོང་ཡག་ཏུ་གཏོང་བ་དང་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།