གདེང་ཚོད་བརྟན་གཏོང་དང་ནུས་ཤུགས་གཅིག་སྒྲིལ་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་འགན་ལེན་བྱེད་དགོས།
མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།
“ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བདེ་བླག་ངང་བསྡུ་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ཉེར་ཡོད་པའི་ལོ་རྒྱུས་ཀྱི་མཚམས་ཚིགས་གལ་ཆེན་འདིར། ཟླ་12ཚེས་10དང་ཚེས་11ཉིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། དེ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས། ཏང་ཀྲུང་དབྱང་གིས་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན་པས། དེ་ནི་ང་ཚོས་གདེང་ཚོད་བརྟན་པོ་དང་འབད་འབུངས་ཆེར་སྐྱེད་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེ་ཞིང་གཏིང་ཟབ་མོ་ལྡན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་སྟེ། 2025ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ། 2026ལོའི་དཔལ་འབྱོར་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བཅས་གནང་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་འགན་ལེན་བྱ་ཆེད་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་ཡོད།
2025ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དོན་སྙིང་གལ་ཆེན་ལྡན་ཡོད། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཆེ་རུ་འགྲོ་བ་དང་ནང་ཁུལ་གྱི་དཀའ་ངལ་ཅུང་མང་བའི་རྙོག་འཛིང་ཆེ་བའི་དུས་བབ་འོག རང་རྒྱལ་གྱི་དཔལ་འབྱོར་གྱིས་གནོན་ཤུགས་ཆེན་པོའི་ཁྲོད་མདུན་སྐྱོད་དང་། གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་བཏང་བ་དང་། སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་པ། མཉེན་ཆ་དང་གསོན་ཤུགས་ཆེན་པོ་མངོན་པ་བཅས་བྱུང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། འདས་ཟིན་པའི་ལོ་5ཡི་རིང་། ང་ཚོས་རྡབ་རྡེག་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གང་ལེགས་བཅག་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པར་སྐུལ་འདེད་བཏང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་དང་། ཚན་རྩལ། རྒྱལ་སྲུང་སོགས་ཀྱི་སྟོབས་ཤུགས་དང་། རིག་གནས་དང་། ལམ་ལུགས། ཕྱི་འབྲེལ་སོགས་ཀྱི་འཇམ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་གསར་པ་སྤོས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་ལམ་གསར་པའི་འགོ་ཡག་པོ་བཙུགས་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་ངལ་ལ་མ་འཛེམས་པ་དང་འབད་འབུངས་ཡར་བརྩོན་བྱས་པ་ལས་བྱུང་བ་ཞིག་ཡིན་པས། དེ་ཐོག་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གང་ལེགས་མངོན་ཡོད།
ཚོགས་འདུའི་ཐོག་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་སུ་འགྲོ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད། དེ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་རང་རྒྱལ་གྱི་འཕེལ་རྒྱས་གནས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་ནས་གཏན་ལ་ཕབ་པའི་བརྡར་གཅོད་གལ་ཆེན་ཞིག་ཡིན་ཞིང་། དེ་ལས་ནུས་ཤུགས་གཅིག་སྒྲིལ་དང་། འགྲན་སློང་ལ་ཁ་གཏད་འཇལ་བ། འབད་འབུངས་མདུན་སྐྱོད་བཅས་བྱེད་པའི་ང་ཚོའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ཡོད། ངེས་པར་དུ་དཔལ་འབྱོར་གྱི་མི་མངོན་པའི་ནུས་པ་གང་ལེགས་འདོན་པ་དང་། ངེས་པར་དུ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྒྱུར་བཅོས་གསར་གཏོད་ལ་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ“ལྷུག་ཏུ་གཏོང་ཕོད”ལ“དོ་དམ་ཡང་ཡག་པོ་ཐུབ་པ”བྱེད་པ། ངེས་པར་དུ་དངོས་པོ་དང་མི་ལ་མ་རྩ་འཇོག་པ་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས། ངེས་པར་དུ་རང་རྩལ་འབད་སྦྱོང་ལ་བརྟེན་ནས་ཕྱི་རོལ་གྱི་འགྲན་སློང་ལ་ཁ་གཏད་འཇལ་དགོས་པ་བཅས་ཚོགས་འདུའི་ཐོག་སྙིང་བསྡུས་བྱས་པའི“ངེས་པར་དུ་ལྔ”ནི་རང་རྒྱལ་གྱི་འཕེལ་རྒྱས་ལག་ལེན་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ཞིག་ཡིན་པ་ལས་རང་རེའི་ཏང་གིས་དུས་བབ་གསར་པའི་འོག་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་ཕྱིན་པ་མཚོན་ཞིང་། ང་ཚོས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་སྲ་བརྟན་དང་རྒྱ་སྐྱེད་ཟམ་མི་ཆད་པར་གཏོང་བ་དང་རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་ཁྲོད་ནས་འཐབ་ཇུས་ཀྱི་རང་འགུལ་ཐོབ་པར་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པ་ནི་སྐས་རིམ་ལྟ་བུའི་རིམ་འཕར་དང་འཕེལ་རྒྱས་ཡར་ཐོན་ཟམ་མི་ཆད་པར་འགྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་གཏན་འཁེལ་བྱས་པས། “ལོ་ལྔ་ཚན་བཅུ་བཞི་པ”ནས“ལོ་ལྔ་ཚན་བཅུ་དྲུག་པའི”བར་གྱི་ལོ་ལྔ་ཚན་གསུམ་གྱི་འཆར་འགོད་རིང་འབད་བརྩོན་ལྷོད་མེད་དང་འབད་འཐབ་རྒྱུན་བསྲིང་བྱེད་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རྨང་གཞི་བརྟན་པོ་བཏིང་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཡོང་བར་འགན་ལེན་བྱེད་དགོས། འགོ་ཡག་པོ་ཞིག་བཙུགས་པ་ནི་རྒྱལ་ཁ་ཕྱེད་ཀ་ཐོབ་པ་ཞིག་ཡིན་པ་དང་། སང་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད།
ཚོགས་འདུའི་ཐོག་2026ལོར“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་གནས་བབ་གལ་ཆེན་ཁོང་དུ་ཡང་དག་ཆུད་པ་དང་སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཁ་གསལ་བཟོས་ཤིང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་རྒྱལ་ནང་གི་དཔལ་འབྱོར་ལས་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་འཐབ་རྩོད་ལ་སྔར་བས་སྤྱི་འདོམས་ཡག་པོ་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་བས་སྤྱི་འདོམས་ཡག་པོ་བྱེད་པ། དེ་བས་ནུས་ལྡན་གྱི་གཞི་ཆེའི་སྲིད་ཇུས་ལག་བསྟར་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་གཅོག་དགོས་པའི་བརྡ་གསལ་པོ་བཏང་ཡོད། སང་ལོའི་དཔལ་འབྱོར་ལས་དོན་གྱི“མཐའ་འཁྱོངས་བརྒྱད”ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱེད་སྐབས་འགག་རྩར་དམ་འཛིན་དང་གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་པར་བྱས་པས། དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱས་པ་མཚོན་ཡོད། ང་ཚོས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ཐོག འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་དང་། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ། ཐོན་ལས་ཀྱི་མ་ལག་ཆ་ཚང་བའི་ལེགས་ཆ། ཤེས་ལྡན་པའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་བཅས་ཡག་པོ་སྤྱད་དེ། དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔལ་འབྱོར་ཐད་སྤུས་ཚད་མཐོར་འདེགས་ནུས་ལྡན་དང་འབོར་ཚད་ལུགས་མཐུན་ངང་འཕར་བར་སྐུལ་འདེད་བཏང་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་པར་ནུས་སེམས་གཅིག་སྒྲིལ་དང་དཀའ་སེལ་ཡར་བརྩོན་བྱེད་དགོས།
འཆར་གཞི་བཀོད་ཟིན་པས་དངོས་སྒྲུབ་ལ་བརྟེན་ནས་འབྱུང་འགྱུར་གཏོད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་གྱིས་ཀུན་སེམས་གཅིག་སྒྲིལ་དང་། ལམ་བཤངས་ཡར་བརྩོན་བྱས་ནས། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་འགན་ལེན་བྱས་ཏེ། རྒྱང་ལམ་གསར་པར“ངོ་མཚར་བྱས་རྗེས་ཆེན་པོ་གཉིས”ཀྱི་ལེའུ་གསར་པ་མུ་མཐུད་བརྩམས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།