ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།
ལི་ཆང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས་པ།

ཟླ་12ཚེས་10དང་ཚེས་11ཉིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་10དང་ཚེས་11ཉིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས་པ་རེད།
ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། 2025ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། 2026ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། ལི་ཆང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་ལ་སྤྱི་འདོམས་བྱས་པ། དགེ་མཚན་དེ་བས་ཆེ་བའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བཅས་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བདེ་བླག་ངང་ལེགས་གྲུབ་འབྱུང་ཉེར་ཡོད། རང་རྒྱལ་གྱི་དཔལ་འབྱོར་གྱིས་གནོན་ཤུགས་ཆེན་པོའི་ཁྲོད་མདུན་སྐྱོད་དང་། གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་བཏང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་ཐུབ་པ། སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་གསར་པ་སྤོ་ཐུབ་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་སེལ་ལས་དོན་གྱི་འཕེལ་རིམ་ལེགས་པ། དམངས་འཚོ་འགན་ལེན་དེ་བས་གང་ལེགས་བཅས་བྱུང་ཡོད། འདས་ཟིན་པའི་ལོ་ལྔའི་ནང་། ང་ཚོས་རྡབ་རྡེག་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གང་ལེགས་བཅག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པར་སྐུལ་འདེད་བཏང་བ། “ལོ་ལྔ་ཚན་བཅུ་བཞི་པ”བདེ་བླག་ངང་མཇུག་བསྡུ་ཉེར་ཡོད་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་ལམ་གསར་པའི་འགོ་ཡག་པོ་བཙུགས་པ་བཅས་བྱས་ཡོད།
ཚོགས་འདུས་ངོས་འཛིན་བྱས་དོན། ལག་ལེན་ལས་ང་ཚོར་དུས་བབ་གསར་པའི་འོག་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ངོས་འཛིན་དང་མྱོང་ཚོར་གསར་པ་བྱུང་བ་སྟེ། ངེས་པར་དུ་དཔལ་འབྱོར་གྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་དགོས་པ་དང་། ངེས་པར་དུ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྒྱུར་བཅོས་གསར་གཏོད་ལ་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ“ལྷུག་ཏུ་གཏོང་ཕོད”ལ“དོ་དམ་ཡང་ཡག་པོ་ཐུབ་པ”བྱེད་དགོས་པ། ངེས་པར་དུ་དངོས་པོར་མ་དངུལ་གཏོང་བ་དང་མི་ལ་མ་དངུལ་གཏོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་རང་ངོས་སྦྱོང་བརྡར་ལ་བརྟེན་ནས་ཕྱི་ཕྱོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པ་བཅས་རེད།
ཚོགས་འདུའི་ཐོག་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་སྔར་བཞིན་གནད་དོན་རྙིང་པ་དང་འགྲན་སློང་གསར་པ་མི་ཉུང་བ་ཞིག་ཡོད་པ་དང་། ཕྱི་རོལ་ཁོར་ཡུག་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ཟབ་ཏུ་འགྲོ་བ། རྒྱལ་ནང་གི་མཁོ་སྤྲོད་མང་བ་དང་དགོས་མཁོ་ཉུང་བའི་འགལ་ཟླ་མངོན་གསལ་དོད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཅུང་མང་བ་བཅས་ཡོད། དེ་དག་མང་ཆེ་བ་ནི་འཕེལ་རྒྱས་གཏོང་རིང་དང་ཕྱོགས་སྒྱུར་བྱེད་རིང་ཐོན་པའི་གནད་དོན་ཡིན་པས། འབད་བརྩོན་བྱས་ན་ཐག་གཅོད་ཐུབ་ངེས་རེད། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་སུ་འགྲོ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད། གདེང་ཚོད་བརྟན་དུ་གཏོང་བ་དང་། བཟང་ཆ་ཡག་པོ་སྤྱོད་པ། འགྲན་སློང་ལ་ཁ་གཏད་བཅག་སྟེ། བརྟན་ཐོག་ཡར་འཕེལ་གྱི་དཔལ་འབྱོར་གྱི་འཕེལ་ཕྱོགས་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། རྒྱལ་ནང་གི་དཔལ་འབྱོར་ལས་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་འཐབ་རྩོད་ལ་སྤྱི་འདོམས་དེ་བས་ཡག་པོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱེད་པ། དགེ་མཚན་དེ་བས་ཆེ་བའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་པ། སྲིད་ཇུས་ཀྱི་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་བ། མུ་མཐུད་དེ་ནང་མཁོ་རྒྱ་སྐྱེད་གཏོང་བ་དང་། མཁོ་སྤྲོད་བྱེད་སྟངས་ལེགས་སུ་གཏོང་བ། འཕར་འབོར་ལེགས་སུ་གཏོང་བ། གསོག་ཐེབས་ཕན་སྒྱུར་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་པར་སྐུལ་འདེད་གཏིང་ཟབ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་མུ་མཐུད་འགོག་སེལ་བྱེད་པ། ལས་ཞུགས་དང་། ཁེ་ལས། ཁྲོམ་ར། སྔོན་དཔག་བཅས་བརྟན་པོ་ཡོང་བར་ཤུགས་རྒྱག་པ། དཔལ་འབྱོར་གྱི་སྤུས་ཚད་ལེགས་སུ་ནུས་ལྡན་དང་གྲངས་ཚད་ལུགས་མཐུན་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་དགོས།
ཚོགས་འདུའི་ཐོག་བསྟན་དོན། སང་ལོའི་དཔལ་འབྱོར་ལས་དོན་སྒྲུབ་རིང་། སྲིད་ཇུས་ཀྱི་ཁ་ཕྱོགས་ཐད་བརྟན་ཐོག་ཡར་འཕེལ་ཡོང་བ་དང་སྤུས་འབྲས་ལེགས་གཉེར་རྒྱུན་འཁྱོངས་བྱེད་པ་དང་། གསོག་འབོར་སྲིད་ཇུས་དང་འཕར་འབོར་སྲིད་ཇུས་ཀྱི་འདུས་གྲུབ་ཕན་ནུས་འདོན་པ། དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཁོག་དཔལ་འབྱོར་གྱི་བཅོས་སྐྱོང་ཕན་འབྲས་ཆེ་རུ་གཏོང་བ་དང་། དགེ་མཚན་དེ་བས་ཆེ་བའི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། དགོས་ངེས་ཀྱི་ནོར་སྲིད་མཚལ་ཡིག་དང་། བུ་ལོན་གྱི་སྤྱིའི་གཞི་ཁྱོན་དང་གཏོང་སྒོའི་སྤྱི་འབོར་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ནོར་སྲིད་ལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སུ་གཏོང་བ། ཁྲལ་བསྡུའི་གཟིགས་སྐྱོང་དང་ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས། ས་གནས་ནོར་སྲིད་ཀྱི་དཀའ་ངལ་སེལ་བར་མཐོང་ཆེན་བྱས་ནས། གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་པོར་སྲུང་དགོས། ནོར་དཔལ་སྒྲིག་ཁྲིམས་ནན་དུ་བཏང་ནས། ཏང་སྲིད་ལས་ཁུངས་ཀྱིས་བབ་ཆགས་ཀྱི་འཚོ་བ་སྐྱེལ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཅུང་གུ་ཡངས་པའི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་ཟོག་གོང་ལུགས་མཐུན་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་དངུལ་ལོར་སྲིད་ཇུས་ཀྱི་བསམ་གཞིག་བྱ་ཡུལ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཚད་བཅག་སྐྱེད་བཅག་སོགས་སྲིད་ཇུས་ཀྱི་ལག་ཆ་སྣ་ཚོགས་སྟབས་བསྟུན་ངང་བེད་སྤྱོད་གང་ལེགས་བྱེད་པ། འཁོར་རྒྱུག་རང་བཞིན་འདང་ངེས་རྒྱུན་འཁྱོངས་བྱེད་པ། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་ཁྲིད་ལམ་སྲོལ་ཤར་གཏོང་ཐུབ་པར་བྱེད་པ། དངུལ་རྩའི་ལས་ཁུངས་ཀྱིས་ནང་མཁོ་རྒྱ་ཆེར་གཏོང་བ་དང་། ཚན་རྩལ་གསར་གཏོད།ཁེ་ལས་འབྲིང་ཆུང་ཕྲན་གསུམ་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེའི་འཛའ་ཐང་ལུགས་མཐུན་དང་དོ་སྙོམས་ཀྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། གཞི་ཆེའི་སྲིད་ཇུས་ཀྱི་ཁ་ཕྱོགས་ཐད་ཀྱི་གཅིག་མཐུན་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་དགོས། རིགས་ཁག་གི་དཔལ་འབྱོར་སྲིད་ཇུས་དང་། དཔལ་འབྱོར་མིན་པའི་སྲིད་ཇུས། གསོག་འབོར་སྲིད་ཇུས། འཕར་འབོར་སྲིད་ཇུས་བཅས་གཞི་ཆེའི་སྲིད་ཇུས་ཀྱི་ཁ་ཕྱོགས་ཐད་ཀྱི་གཅིག་མཐུན་རང་བཞིན་གྱི་ཚོད་སྐོར་ནང་འཇུག་དགོས། སྔོན་དཔག་གི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་སེམས་ཤུགས་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་ལས་དོན་སྒྲུབ་རིང་གཤམ་གསལ་གཙོ་གནད་ལས་འགན་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་གཏན་འཁེལ་བྱས་པ་སྟེ།
གཅིག་ནས་ནང་མཁོས་གཙོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ནང་གི་ཁྲོམ་ར་ཆེན་པོ་འཛུགས་དགོས་ཤིང་། འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་སྣོན་གྱི་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་དགོས། སྤུས་ལེགས་ཚོང་ཟོག་དང་ཞབས་ཞུ་མཁོ་སྤྲོད་རྒྱ་ཆེར་གཏོང་དགོས། “གསར་གཉིས”སྲིད་ཇུས་ལག་བསྟར་བྱེད་སྟངས་ལེགས་སུ་གཏོང་དགོས། འཛད་སྤྱོད་ཁྱབ་ཁོངས་ཀྱི་ལུགས་མཐུན་མིན་པའི་ཚོད་འཛིན་བྱེད་ཐབས་གཙང་བཤེར་བྱས་ནས། ཞབས་ཞུའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་དགོས། མ་འཇོག་ཆག་འགོག་བརྟན་ལོག་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་གི་གཞི་ཁྱོན་ཆེ་རུ་འོས་འཚམ་གཏོང་བ། “ལྗིད་གཉིས”རྣམ་གྲངས་ལག་བསྟར་བྱ་རྒྱུ་ལེགས་སུ་གཏོང་བ། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་གྱི་སྤྱོད་སྒོར་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་ཏེ། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་གསར་པའི་ནུས་པ་འདོན་སྤེལ་མུ་མཐུད་བྱས་ནས་དམངས་ཁྲོད་མ་འཇོག་གི་གསོན་ཤུགས་ཆེ་རུ་ནུས་ལྡན་གཏོང་དགོས། གྲོང་ཁྱེར་གསར་སྒྱུར་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས།
གཉིས་ནས་གསར་གཏོད་ལ་བརྟེན་ནས་སྐུལ་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གང་མགྱོགས་གཏོང་དགོས་ཤིང་། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པ་འཕེལ་རྒྱས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་ཇུས་གཞི་བཟོ་དགོས། པེ་ཅིང(ཅིང་ཅིན་ཅི)དང་། ཧྲང་ཧའེ(འབྲི་ཆུའི་ཟུར་གསུམ་ཁུལ) གཡོད་ཀང་ཨའོ་ཁུག་ཆེན་ཁུལ་བཅས་ཀྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་མཐོ་རུ་གཏོང་བ་དང་གསར་དར་ཁྱབ་ཁོངས་ཀྱི་ཤེས་རིག་བདག་དབང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཞབས་ཞུའི་ལས་རིགས་ཀྱི་གཤོང་ཚད་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་བའི་བྱ་སྤྱོད་ཀྱི་ཇུས་གཞི་བཟོ་དགོས། རེས་སྐོར་གསར་པའི་གཙོ་གནད་ཐོན་ལས་འཁོར་འབྲེལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་ལག་ལེན་བསྟར་དགོས། “མི་ཐབས་རིག་ནུས+”རྒྱ་སྐྱེད་གཏིང་ཟབ་བཏང་ནས་མི་ཐབས་རིག་ནུས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རྩལ་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱེད་དགོས།
གསུམ་ནས་སྒྱུར་བཅོས་འགག་སྒྲོལ་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་གི་སྲོལ་ཡིག་བཟོས་ཏེ“ནང་རྨུག་རྣམ་པའི”འགྲན་རྩོད་ལ་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་ཇུས་གཞི་བཟོ་བ་དང་ལག་ལེན་བསྟར་ནས་དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས་ཀྱི་ལྷན་སྦྱར་ཁྲིམས་སྲོལ་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་བྱས་པ་རྣམས་གསབ་སྤྲོད་གང་མགྱོགས་བྱེད་དགོས། ལས་སྟེགས་ཁེ་ལས་དང་ལས་སྟེགས་ནང་གི་གཉེར་སྐྱོང་བ་དང་ངལ་རྩོལ་བ་གཉིས་ཕན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཚོད་ལྟ་རྒྱ་སྐྱེད་གཏོང་དགོས། ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་འབོར་ཚད་ཉུང་དུ་དང་སྤུས་ཚད་ལེགས་སུ་གཏོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། མ་རྩའི་ཁྲོམ་རའི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་རྒྱུན་མཐུད་གཏོང་དགོས།
བཞི་ནས་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱས་ནས་ཁྱབ་ཁོངས་མང་པོའི་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་དགོས་ཤིང་། ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཞབས་ཞུའི་ཁྱབ་ཁོངས་ཀྱི་རང་བརྟེན་སྒོ་དབྱེ་གོ་རིམ་ལྡན་པའི་སྒོ་ནས་རྒྱ་ཆེར་གཏོང་བ། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་བཀོད་པ་དང་ཁྱབ་ཁོངས་ལེགས་སུ་གཏོང་བ། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། ཚོང་དོན་དང་མ་འཇོག་གཞི་གཅིག་ཅན་དང་ཕྱི་ནང་ཚོང་དོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞབས་ཞུ་ཕྱིར་གཏོང་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། གྲངས་འཛིན་ཚོང་དོན་དང་ལྗང་མདོག་ཚོང་དོན་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ཕྱི་རྒྱལ་ཚོང་པའི་མ་འཇོག་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ལ་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། ཕྱི་རྒྱལ་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་དང་ཕྱོགས་གཉིས་ཀྱི་ཚོང་དོན་མ་འཇོག་གྲོས་མཐུན་སྔར་ལས་མང་བར་གྲོས་མོལ་དང་མིང་རྟགས་འགོད་རྒྱུར་སྐུལ་འདེད་གཏོང་དགོས།
ལྔ་ནས་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས་ཤིང་། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྤྱི་འདོམས་སྐུལ་འདེད་བཏང་ནས། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྨོ་ཞིང་གི་དམར་ཐིག་ནན་སྲུང་བྱས་ཏེ། འབྲུ་རིགས་ཐོན་སྐྱེད་ལ་ལྷོད་གཡེང་སྤུ་ཙམ་ཡང་མ་བཏང་བར་དམ་འཛིན་ཡག་པོ་བྱས་ཏེ་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་ལ་རྒྱུན་འཁྱོངས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་རྒྱུན་མཐུད་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་སྤྱི་འདོམས་ལག་བསྟར་བྱེད་པའི་ནང་བཅུག་སྟེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པ་དང་དབུལ་པོ་མི་ཆགས་པའི་མཐའ་ཚད་བརྟན་པོར་སྲུང་དགོས། དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་གཙོ་བོ་འཁུར་རྒྱུར་རྒྱབ་སྐྱོར་བྱེད་དགོས། གཙོ་གནད་གྲོང་ཁྱེར་ཁྱུ་ཚོགས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ། སྲིད་འཛིན་ཁུལ་ལས་བརྒལ་བའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། མཚོ་ཁུག་གཙོ་བོའི་སྤྱི་ཡོངས་ཀྱི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
དྲུག་ནས“ཐཱན་གཉིས”ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས་ཤིང་། གཙོ་གནད་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་སྒྱུར་བཀོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ནུས་ཁུངས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད་བཟོས་ཏེ། ནུས་ཁུངས་མ་ལག་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་ལྗང་གློག་བེད་སྤྱོད་རྒྱ་ཆེར་གཏོང་དགོས། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱ་སྤྱོད་ལག་བསྟར་བྱས་ཏེ་གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་གཏིང་ཟབ་རྒྱག་པ་དང་། སྦགས་བཙོག་དངོས་པོ་གསར་པར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་ཏན་ཏིག་བཏང་ནས། རང་བྱུང་སྲུང་སྐྱོང་ཁུལ་བསྡུ་སྒྲིལ་དང་ལེགས་སུ་གཏོང་རྒྱུ་ལག་བསྟར་བྱེད་དགོས། གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་ཉེན་བརྡ་གཏོང་བའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱང་ཕྱོགས་ས་ཁུལ་གྱི་ཆུ་ལོག་སྔོན་འགོག་དང་། འཁྱིལ་ཆུ་བཤང་འབུད། གེགས་འགོག་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདང་བའི་ཆ་གང་མགྱོགས་གསབ་སྟེ། གནམ་ངན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས།
བདུན་ནས་དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ལ་བྱ་བ་དངོས་མང་ཙམ་བསྒྲུབ་རྒྱུར་འབད་བརྩོན་བྱེད་དགོས་ཤིང་། ལས་གནས་བརྟན་གཏོང་དང་། གཤོང་ཚད་རྒྱ་སྐྱེད། སྤུས་ཚད་མཐོར་གཏོང་བཅས་ཀྱི་བྱ་སྤྱོད་ལག་བསྟར་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་པོ་ཡོང་བ་དང་སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་ཞུགས་རྣམ་པ་གསར་པའི་མི་སྣ་རྣམས་ལས་བཟོའི་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། སློབ་གསོའི་ཐོན་ཁུངས་ཀྱི་བཀོད་པ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ། སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་གནས་མཁོ་སྤྲོད་དང་སྤུས་ལེགས་མཐོ་སློབ་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་བསྡུ་ཚད་མང་དུ་གཏོང་དགོས། སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ལེགས་སྒྱུར་དང་། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་ལ་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། དྲག་སྐྱེད་བདག་སྐྱོང་གི་གཤོང་ཚད་ཆེར་གཏོང་གི་ལས་གྲྭ་ལག་བསྟར་བྱེད་པ་དང་ཡུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་ཁྱབ་གདལ་གཏོང་བ། དཀའ་ངལ་ཡོད་པའི་ཚོགས་སྤྱིར་གཅེས་སྐྱོང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཉེན་སྒྲིག་དང་བུ་བཙའི་ལྟ་བ་བཟང་པོ་དར་སྤེལ་བཏང་ནས། གསར་སྐྱེས་མི་འབོར་གྱི་གཞི་ཁྱོན་བརྟན་པོ་ཡོང་བར་འབད་བརྩོན་བྱེད་དགོས། ཐོན་སྐྱེད་བདེ་འཇགས་དང་། གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་དགོས།
བརྒྱད་ནས་མཐའ་ཚད་བརྟན་སྲུང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་བརྟན་པོའི་ངང་ཧུར་ཐག་སེལ་དགོས་ཤིང་། ནུས་ཤུགས་ཡོད་རྒུས་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་ཡོང་བ་དང་། གྲོང་ཁྱེར་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་འཕར་འབོར་ལ་ཚོད་འཛིན་དང་། མཛོད་ཉར་འདོར་སྒྱུར། མཁོ་སྤྲོད་ལེགས་སུ་གཏོང་བ་བཅས་བྱས་ཏེ། གསོག་འབོར་གྱི་ཚོང་ཟོག་ཁང་པ་ཉོ་སྒྲུབ་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཐད་གཙོ་གནད་ཐོག་སྤྱོད་རྒྱུར་སྐུལ་མ་གཏོང་དགོས། སྡོད་ཁང་གི་སྤྱི་གསོག་མ་དངུལ་ལམ་ལུགས་ལ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ“ཁང་པ་ཡག་པོ”འཛུགས་སྐྲུན་བྱེད་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་མགྱོགས་མྱུར་གཏོད་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་གོ་རིམ་ལྡན་པའི་སྒོ་ནས་ཐག་གཅོད་ཧུར་ཐག་བྱས་ཏེ། ས་གནས་ཁག་ལ་རང་འགུལ་ངང་བུ་ལོན་སེལ་བར་སྐུལ་མ་གཏོང་བ་ལས། སྒྲིག་འགལ་གྱིས་མངོན་མེད་བུ་ལོན་གསར་དུ་བསྣན་མི་ཆོག བུ་ལོན་བསྐྱར་སྒྲིག་དང་བརྗེ་ལེན་བྱ་ཐབས་ལེགས་སྒྱུར་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་ས་གནས་སྲིད་གཞུང་གི་མ་དངུལ་བསྡུ་སྒྲིལ་ལས་སྟེགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་བུ་ལོན་གྱི་ཉེན་ཁ་སེལ་དགོས།
ཚོགས་འདུའི་ཐོག་བསྟན་དོན། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གིས་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པའི་ཐོག་གཅིག་གྱུར་བྱས་ཏེ། རང་རྒྱལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ནས། འབྱུང་འགྱུར་འཕེལ་རྒྱས་ཀྱི་སེམས་ཤུགས་བརྟན་དུ་གཏོང་དགོས། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་འཛིན་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཧུར་བརྩོན་དང་དངོས་སྒྲུབ་ཀྱི་དམིགས་ཚད་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ། དཀའ་ངལ་དང་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་དང་། སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བར་ཚད་བརྒལ་སྔར་ལས་ཆེ་བ་ཡོང་བར་བྱས་ནས། གྲོང་མི་དང་ཁེ་ལས་ཀྱི་ཐོབ་སྣང་ཆེ་རུ་གཏོང་དགོས། སྒྱུར་བཅོས་དང་སྲིད་ཇུས་ཀྱི་མཐུན་སྦྱོར་ནུས་འབྲས་ཆེ་རུ་བཏང་སྟེ། དཔལ་འབྱོར་འཁོར་སྐྱོད་དང་ཁྲོམ་རའི་སྔོན་དཔག་ལེགས་སུ་རྒྱུན་མཐུད་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཁྲོད་ནས་སང་ལོའི་དཔལ་འབྱོར་ལས་དོན་གྱི་འགག་རྩའི་ཤུགས་རྒྱག་ས་ཁོང་དུ་ཆུད་པར་བྱེད་པ་དང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྟོབས་ཆེར་གཏོང་རྒྱུར་དམིགས་ནས་ནང་མཁོ་འཕར་བའི་བར་མཐོངས་གསར་པ་རྒྱ་སྐྱེད་གཏོང་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ལ་སྐུལ་སྤེལ་གཏོང་རྒྱུར་དམིགས་ནས། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་གཏོང་དགོས། དམངས་འཚོའི་བདེ་རྩ་ཆེ་རུ་ཟམ་མི་ཆད་པར་གཏོང་རྒྱུར་དམིགས་ནས། དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱ་རྒྱུར་དམིགས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སེལ་བའི་ལས་དོན་བརྟན་པོའི་ངང་ལེགས་པར་སྒྲུབ་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཅིག་གྱུར་གྱི་སེམས་ཤུགས་དང་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་ཡུལ་བབ་དང་བསྟུན་ནས། སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བསམ་ཕྱོགས་དང་། ལས་འགན། སྲིད་ཇུས་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་གཏོད་རྒྱུ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་གཏོད་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་རྟོགས་ངང་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་དང་། ཁྱད་པར་ཡོད་པའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《གྲོས་འགོ》གཞིར་བཟུང་། རྒྱལ་ཁབ་དང་ས་གནས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང་ཆེད་དོན་འཆར་འགོད་བཟོ་སྒྲིག་བྱས་ཏེ། སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ཁོར་ཡུག་དང་། ཤེས་ལྡན་པའི་ཁོར་ཡུག ཚོང་གཉེར་གྱི་ཁོར་ཡུག གླེང་ཕྱོགས་ཀྱི་ཁོར་ཡུག་བཅས་ཡག་པོ་བསྐྲུན་པ་དང་། སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་ཀྱི་དྲང་ནུས་གང་ལེགས་འཕེལ་བར་བྱེད་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོའི་དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་ལ་འགན་ལེན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ་དང་། དོན་རྐྱེན་ཚབས་ཆེན་དང་ཆེས་ཚབས་ཆེན་ལ་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།
ཚོགས་འདུའི་ཐོག་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀུན་སེམས་གཅིག་སྒྲིལ་དང་འབད་འབུངས་མདུན་སྐྱོད་བྱས་ནས། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་འབོད་སྐུལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།