འབྲི་ཆུར་ལོ་བཅུ་ཉ་རྒྱ་སྡོམ་པའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཟླ་12ཚེས་10ཉིན་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱས་པར། 2025ལོར་ཞིང་ལས་དང་གྲོང་གསེབ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཉ་འཛིན་མཚམས་བཞག་པའི་ཉ་པ་བཀོད་སྒྲིག་འགན་ལེན་བྱེད་ཐབས་དོན་འཁྱོལ་ཧུར་ཐག་བྱས་ཏེ། ཉ་རྒྱ་སྡོམ་པའི་མཉམ་འབྲེལ་ཁྲིམས་སྒྱུར་ལྟ་འདོམས་ལ་ཤུགས་སྣོན་ལྷོད་མེད་བརྒྱབ་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ། བློ་བརྟན་འགྱུར་མེད་ངང་འབྲི་ཆུར་ལོ་བཅུ་ཉ་རྒྱ་སྡོམ་པའི་ལས་དོན་ཁག་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་བཅས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་རེད།
ཞིབ་ཕྲ་ནས་བལྟས་ན། ཞིང་ལས་དང་གྲོང་གསེབ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་ཏེ་ཉ་འཛིན་མཚམས་བཞག་པའི་ཉ་པའི་འཚོ་བ་འགན་ལེན་ནུས་ལྡན་བྱས་ཡོད། 2025ལོའི་དུས་ཚིགས་གསུམ་པའི་དུས་མཇུག་བར། ངལ་ནུས་ལྡན་པ་དང་ལས་ཞུགས་བྱེད་འདོད་ཡོད་པའི་ཉ་འཛིན་མཚམས་བཞག་པའི་ཉ་པ་ཁྲི་14.2ཚང་མ་ཐོན་སྒྱུར་ལས་ཞུགས་ཐུབ་ནས་འགན་བཅོལ་ལ་ཞུགས་པའི་ཆ་རྐྱེན་འཛོམས་པའི་ཉ་འཛིན་མཚམས་བཞག་པའི་ཉ་པ་ཁྲི་22ཚང་མ་རྒན་གསོའི་འགན་བཅོལ་ལ་ཞུགས་པ་ལས་མི་ཁྲི་6ལ་རྒན་གསོའི་དངུལ་ལེན་རྒྱུ་བྱུང་བ་དང་། ཉ་འཛིན་མཚམས་བཞག་པའི་ཉ་པ་ཁྲི་1.2མ་མཐའི་འཚོ་བའི་འགན་ལེན་གྱི་རོགས་སྐྱོབ་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད།
མཉམ་འབྲེལ་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་བས་ཉ་རྒྱ་སྡོམ་པའི་དོ་དམ་གྱི་སྒྲིག་ལམ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། 2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ས་གནས་ཁག་གིས་རིམ་རྩིས་བརྒྱབ་ན་ཉ་ལས་དང་འབྲེལ་བའི་སྲིད་འཛིན་གྱོད་གཞི་ཁག་13224ཞིབ་བཤེར་ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་16.2%ཆག་པ་དང་། ཉ་ལས་དང་འབྲེལ་བའི་ཉེས་དོན་གྱོད་གཞི་ཁག་2984རྩད་ཆོད་པ་དེ་དུས་མཚུངས་ལས་37.3%ཆག་པ། ཁྲིམས་དང་མི་མཐུན་པར་ཉ་བཟུང་བའི་ཉེས་གསོག་ཚོགས་པ་450མེད་པར་བཟོས་པ་དེ་དུས་མཚུངས་ལས་26.6%ཆག་པ། སྤྱིར་བཏང་རང་བཞིན་གྱི་ཁྲིམས་འགལ་བྱེད་སྤྱོད་དང་ཚོགས་པ་ཅན་གྱི་ཉ་འཛིན་ཉེས་གསོག་ཐོན་ཚད“གཉིས་ཆག”བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།