སྤྱི་གླིང་འཆམ་འཆམ་འགྲོ་ཞོར་ཚོང་འདུས་སྐོར། དམངས་ཕན་ཞིང་ཕན་བྱེད་སྒོས་མི་སེམས་དྲོས།
——རྫོང་རྒྱབ་ཀླུ་ཁང་དུ་འཚོགས་པའི་མཁོ་ཚོང་ཚོང་འདུས་ཀྱི་མཐོང་ཐོས།
ཐོག་མའི་རིན་གོང་སྒོར་204ཡིན་པ་དང་སྒོར་200ཟིན་ན་སྒོར་40གཅོག་པའི་ཉོ་འཛིན་སྤྱད་ཚེ་དངོས་སུ་སྒོར་164ལས་སྤྲོད་མི་དགོས་པས་ཧ་ཅང་ཡག་པོ་འདུག”ཟླ་12ཚེས་9ཉིན་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་གི“མཁོ་ཚོང་ཚོང་འདུས”སུ་གྲོང་མི་བཀྲ་ཤིས་ཀྱིས་ཉོས་མ་ཐག་པའི་ཚགས་ཤ་སྐམ་པོ་ཁྱེར་ནས་དགའ་ཚོར་ཆེན་པོས་གསར་འགོད་པར་རང་ལ་ཐོབ་པའི་ཕན་པ་དངོས་དེ་བཤད། ཁོང་གི་ངོ་གདོང་ལས་དགའ་སྤྲོའི་རྣམ་པ་མངོན་པ་དང་དེའི་མཐའ་འཁོར་གྱི་འུར་སྒྲ་དང་རིན་གོང་འདྲི་བའི་སྐད་སྒྲ་སོགས་ལས་དྲོ་སྐྱིད་ལྡན་པའི་དགུན་གྱི་འཁྲུག་ཆ་དོད་པའི་ཁྲོམ་རའི་རྣམ་པ་ཞིག་གྲུབ།
ཞོགས་པའི་རྫོང་རྒྱབ་ཀླུ་ཁང་དུ་ཁྱད་ལྡན་འགྲེམས་སྟེགས་གྲལ་སྟར་འགྲིག་པོས་བཀོད་སྒྲིག་བྱས་ཤིང་། ཤ་མདོག་ཡག་པའི་ཚགས་ཤ་སྐམ་པོ་དང་། ཐུམ་སྒྲིལ་མཛེས་པའི་ནས་ཀྱི་ཐོན་རྫས། དྲི་ཞིམ་དཀར་ཆུའི་ཐོན་རྫས་སོགས་གངས་ལྗོངས་རྩྭ་ཐང་གི་ཟས་རིགས་དག་ལྷ་སའི་གྲོང་མིའི་ཉོ་སྒྲུབ་ཀྱི་དགོས་མཁོ་དང་རྦད་དེ་འཚམ་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར། ད་ཐེངས་ཀྱི“མཁོ་ཚོང་ཚོང་འདུས”ཟླ་12ཚེས་6ཉིན་ནས་ཟླ་12ཚེས་10ཉིན་བར་འཚོགས་པ་དང་། དེར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ནས་ཡོང་བའི་ཁེ་ལས་70གཅིག་ཏུ་འདུས་ཤིང་། ཐོན་རྫས་ལ་ཞིང་འབྲོག་ཟོག་དང་། གྱོན་ཆས། ནགས་ཁྲོད་ཐོན་ཁུངས་སོགས་མང་པོ་ཡོད་པ་དང་། འགྲེམས་ཚོགས་ལ་ཞུགས་མཁན་ཚོང་དུད་ཚང་མ་བོད་རང་སྐྱོང་ལྗོངས་མཁོ་ཚོང་ཁང་གིས་གདམ་གསེས་ནན་པོ་བྱས་པ་ཞིག་ཡིན་ལ། གྲོན་དངུལ་གང་ཡང་སྤྲོད་དགོས་ཀྱི་མེད། དོ་ཁུར་བྱེད་འོས་པ་ཞིག་ལ་ད་ཐེངས་ཀྱི་བྱེད་སྒོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་གིས་ཆེད་སྤྱོད་ཁ་གསབ་མ་དངུལ་སྒོར་ཁྲི་50བཏང་ནས་སྐད་འཕྲིན་ནས་དངུལ་སྤྲད་ཚེ་འཕྲལ་མར་ཁ་གསབ་ལེན་རྒྱུ་ཡོད་པས་འཛད་སྤྱོད་པར་ཐད་ཀར་ཕན་པ་ཐོབ་པ་དང་ས་གནས་ས་ཐོག་གི་འགྲེམས་ཞུགས་ཚོང་པ་གསུམ་ཆ་གཉིས་ལྷག་ཙམ་གྱིས་འཛིན་ཤོག་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་ཡོད།
“ཚོང་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག ཚགས་ཤ་ཚོང་མཁན་ཚོང་པ་ཁ་ཤས་ལ་ཉིན་གཅིག་ལ་ཡོང་འབབ་སྒོར་ཁྲི་18ཙམ་ཟིན་གྱི་འདུག”ཅེས་བོད་རང་སྐྱོང་ལྗོངས་མཁོ་ཚོང་ཁང་ལྟ་ཞིབ་ལྷན་ཚོགས་ཀྱི་ཀྲུའུ་རེན་བདེ་ཆེན་ཆོས་སྒྲོན་གྱིས་བཤད། ཁོང་གིས“འགག་རྩ་ནི་ལས་སྟེགས་དེ་བརྒྱུད་མི་སེར་ལ་ཕན་པ་ཐོབ་པ་མ་ཟད། ཞིང་འབྲོག་པར་ཐོན་རྫས་ཕྱིར་འཚོང་བྱེད་ས་ཡག་པོ་བྱུང་ཡོད”ཅེས་བཤད།
འབྲོག་ར་ནས་འགྲེམས་སྟེགས་བར་དང་ཐོན་སྐྱེད་པ་ནས་འཛད་སྤྱོད་པའི་བར་ཕྱོགས་མང་པོར་ཕན་པ་ཐོབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཐུད་ཡག་པོ་བྱུང་སྟེ་འཁྲུག་ཆ་དོད་པའི་སྤྱི་གླིང་ནས་དེ་བས་གསོན་ཤུགས་འཕེལ་བའི་རྣམ་པ་ཞིག་མངོན།
(བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)
འབྲེལ་ཡོད་གསར་འགྱུར།