དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཞིང་ལས་དཔེ་སྟོན་རྟེན་གཞི་བསྐྲུན་པ་དང་བཀོལ་སྤྱོད་ལག་རྩལ་གསར་པ་ཁྱབ་གདལ་བཏང་བ།

    “སི་ར་ལ་ཨོང་ལ་འབྲུ་རིགས་རང་ཁ་རང་གསོ་སྔ་ཙམ་ཡོང་བར་རམ་འདེགས་བྱས་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཏའེ་ཁའེ་རན།   |     སྤེལ་དུས།  2025-12-12

    འདི་ནི་ད་ལོའི་ཆུ་འབྲས་བརྔ་བསྡུའི་དུས་ཚིགས་སུ། སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མིས་སི་ར་ལ་ཨོང་ལྷོ་ཕྱོགས་ཞིང་ཆེན་ཀང་ཀང་ཧུང་གྲོང་ཚོར་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་སྤྱོད་སྟངས་དཔེ་སྟོན་བྱེད་བཞིན་པ།

    སི་ར་ལ་ཨོང་ལྷོ་ཕྱོགས་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་པོ་ཁྲེང་ཉེ་འདབས་ཀྱི་ཀང་ཀང་ཧུང་གྲོང་ཚོར་ཆུ་འབྲས་བརྔ་བསྡུའི་དུས་ཚིགས་ཤར་ཞིང་། མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གྱིས་འུར་སྒྲ་སྒྲོག་བཞིན་བརྔ་བསྡུ་དང་འབྲུ་འདོན་པ་སོགས་ཀྱི་ལས་རིམ་དེ་མུར་ལེགས་གྲུབ་བྱུང་བར་ཡུལ་མི་མང་པོ་ཞིག་ཧང་སངས་ཡོད། “ཀྲུང་གོའི་གྲོགས་པོས་འཁྱེར་ཡོང་བའི་སྤུས་ལེགས་ཆུ་འབྲས་ཀྱི་ས་བོན་དང་ལག་རྩལ་ལས་ད་ལོའི་ཆུ་འབྲས་ཐོན་ཚད་སླར་ཡང་མང་དུ་ཕྱིན་སོང”ཞེས་ཡུལ་མི་མུའུ་ཧན་མོ་ཏེ·ཧྥུའུ་ཏའེ་ཡིས་ལག་ཏུ་འབྲས་རྡོག་བཟུང་ནས་འཛུལ་དམུལ་དམུལ་ངང་བརྗོད།

    ཧྥུའུ་ཏའེ་ཡིས་བརྗོད་པའི“ཀྲུང་གོའི་གྲོགས་པོ”ནི་སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་ཞིང་ལས་ལག་རྩལ་མཉམ་ལས་རྣམ་གྲངས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་ཐེངས་བཅུ་བཞི་པ(གཤམ་དུ“ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང”ཞེས་བསྡུ་རྒྱུ)རེད། “འབྲས་ཞིང་དེ་ཨེན་ཅ་ལ་ཞིང་རར་གཏོགས་པ་དང་། སྐབས་འདིའི་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་སི་ར་ལ་ཨོང་དུ་འབྱོར་རྗེས་གསར་སྦོལ་བྱས་པའི་ཐོན་འབབ་མཐོ་བའི་ཆུ་འབྲས་འདེབས་གསོའི་དཔེ་སྟོན་ཞིང་ཁ་ཞིག་རེད། ལོ་གཉིས་ལྷག་ཙམ་རིང་སྐྱེད་སྲིང་བྱས་པ་བརྒྱུད། འདི་གའི་ཆུ་འབྲས་ཐོན་ཚད་དེ་སྔའི་སྤྱི་ཆིང་རེར་ཏུན་3ཙམ་ནས་ད་ལྟའི་སྤྱི་ཆིང་རེར་ཏུན་9ཙམ་བར་འཕར་འདུག”ཅེས་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཚོགས་གཙོ་ལི་ཡིའུ་ལེང་གིས་བརྗོད།

    སི་ར་ལ་ཨོང་ནི་ཨ་ཧྥེ་རི་ཁའི་ནུབ་ཕྱོགས་མཚོ་འགྲམ་དུ་གནས་པའི་སྲོལ་རྒྱུན་གྱི་ཞིང་ལས་རྒྱལ་ཁབ་ཅིག་ཡིན་ཞིང་། ཞིང་ལས་ནི་སྔ་ནས་ད་བར་དུ་ཀྲུང་སིའི་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་བའི་ཁྱབ་ཁོངས་གཙོ་བོ་ཞིག་ཡིན་པ་དང་། དུས་རབས་གོང་མའི་ལོ་རབས་70པ་ནས་བཟུང་ཀྲུང་གོས་སི་ར་ལ་ཨོང་ལ་ཞིང་ལས་རིགས་གཅིག་མཁས་ཅན་མངགས་ནས་ལག་རྩལ་མཉམ་ལས་བྱས་ཡོད།

    ལི་ཡིའུ་ལེང་གིས་གསར་འགོད་པར། ལོ་མང་རིང་སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ས་གནས་དེ་གར་ཨའོ་ཀུའུ་ཞིང་ར་དང་། ཁའེ་ནེ་མ་ཞིང་ར། པོ་ཁྲེང་ཞིང་ར། ཨེན་ཅ་ལ་ཞིང་ར་སོགས་ཞིང་ལས་དཔེ་སྟོན་རྟེན་གཞི་6བསྐྲུན་ནས་ཀྲུང་གོའི་ཞིང་ལས་ལག་རྩལ་དང་རྣམ་པ་ངོམ་པ་མ་ཟད། ས་གནས་དེ་གའི་ཞིང་པར་ཐད་ཀར་ཕན་པ་ཐོབ་པར་བྱས་ལ་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་ལ་སྐུལ་ཁྲིད་བྱས་ཡོད། “རྒྱལ་ས་ཧྥུ་རི་ཐོན་ཉེ་འགྲམ་གྱི་ཨའོ་ཀུའུ་ཞིང་རར་ང་ཚོས་གཙོ་བོ་མ་རྨོས་ལོ་ཏོག་གི་ཐོན་འབབ་མཐོ་བའི་འདེབས་གསོ་ལག་རྩལ་ཁྱབ་གདལ་བཏང་ནས་ས་གནས་དེ་གའི་མ་རྨོས་ལོ་ཏོག་གི་ཐོན་འབབ་མུའུ་རེར་རྒྱ་མ་400ཙམ་ནས་མུའུ་རེར་རྒྱ་མ་1000ཙམ་བར་མང་དུ་བཏང་ཡོད་པ་དང་། པོ་ཁྲེང་ཞིང་ར་དང་ཉེ་ཆར་གསར་སྦོལ་བྱས་པའི་ཨེན་ཅ་ལ་ཞིང་རར་ཆུ་འབྲས་རྒྱུད་འདྲེས་དང་ཐོན་འབབ་མཐོ་བའི་འདེབས་གསོའི་ལག་རྩལ་གཙོ་གནད་ཐོག་སྤྱད་ཡོད”ཅེས་ངོ་སྤྲོད་བྱས།

    ལི་ཡིའུ་ལེང་གིས། ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོའི་མ་རྨོས་ལོ་ཏོག་དང་ཆུ་འབྲས་ཀྱི་སོན་བཟང་འདེབས་མཁན་ས་གནས་དེ་གའི་ཞིང་དུད་མང་དུ་འགྲོ་བཞིན་འདུག་ཅེས་བརྗོད་པ་དང་། ཁོང་གིས“ང་ཚོས་ས་གནས་དེ་གའི་ཡུལ་མི་དང་། ཞིང་ལས་རིག་པའི་ཆེད་སྦྱོང་སློབ་མ། ཞིང་ལས་ལག་རྩལ་པ་སོགས་ལ་གསོ་སྦྱོང་ཡང་བྱེད་ཀྱི་ཡོད་པ་དང་། ནང་དོན་ཐད་ནད་འབུ་འགོག་བཅོས་དང་ཞིང་འཕྲུལ་བེད་སྤྱོད་སོགས་ཚུད་ཡོད། ད་ལོའི་ཟླ་11པའི་བར་སྐབས་འདིའི་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་བསྡོམས་གསོ་སྦྱོང་ཐེངས་18བྱས་པར་མི་གྲངས་400ལྷག་ཙམ་ལ་ཁྱབ་ཡོད”ཅེས་བརྗོད།

    ཞིང་ལས་ལག་རྩལ་གསོ་སྦྱོང་ཕུད། ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ད་དུང་ས་གནས་དེ་གར་ཆུ་འཐེན་འཕྲུལ་འཁོར་དང་གློག་འདོན་འཕྲུལ་འཁོར་ཁང་བསྐྲུན་པ་དང་ཞིང་ཁའི་འགྲོ་ལམ་ཁོད་སྙོམས་པོ་བཟོ་བ་སོགས་ལ་རོགས་རམ་བྱས་ཏེ་ས་གནས་དེ་གའི་ཞིང་པའི་ཐོན་སྐྱེད་འཚོ་བར་སྟབས་བདེ་མང་ཙམ་བསྐྲུན་ཡོད། བརྔ་བསྡུ་མཇུག་འགྲིལ་རྗེས་ཧྥུའུ་ཏའེ་ཡིས་ཆུ་འབྲས་ཉེ་འགྲམ་གྱི་གཡུལ་ཁར་དབོར་ནས་བསིལ་སྐམ་བཏང་བ་དང་། ཁོང་གིས“གཡུལ་ཁ་འདི་ཡང་ཀྲུང་གོའི་གྲོགས་པོ་ཚོས་གསར་དུ་བསྐྲུན་པ་ཞིག་རེད། ད་ཆ་ཚང་མ་འདིར་ཡོང་ནས་འབྲུ་རིགས་སྐམ་རྒྱུར་དགའ་པོ་ཡོད་ལ་ཧ་ཅང་སྟབས་བདེ་པོ་འདུག ཀྲུང་གོའི་གྲོགས་པོ་ཚོས་ང་ཚོར་བྱ་བ་བཟང་པོ་དང་བྱ་བ་དངོས་ལྷག་བསམ་རྣམ་དག་གིས་བསྒྲུབ་ཀྱི་འདུག”ཅེས་བརྗོད།

    ཨེན་ཅ་ལ་ཞིང་ར་དེ་ཨེན་ཅ་ལ་སློབ་ཆེན་དང་ཐག་མི་རིང་བའི་སར་གནས་ཤིང་། འདི་གར་ཡང་ས་གནས་དེ་གའི་ཚན་ཞིབ་ཁང་གིས་ས་ཞིང་འོང་ཁར་བརྟག་དཔྱད་བྱེད་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད། བརྔ་བསྡུའི་དུས་ཚིགས་མ་ཤར་གོང་། ཨེན་ཅ་ལ་སློབ་ཆེན་གྱི་སློབ་སྤྱི་ཁོའོ་ལོ་མཱ་ཡིས་སློབ་མའི་སྣེ་ཁྲིད་དེ་ཀྲུང་གོའི་ཆུ་འབྲས་ཀྱི་སྐྱེ་འཚར་གནས་ཚུལ་ལ་རྟོག་ཞིབ་བྱེད་པར་ཡོང་ཡོད། ཁོང་གིས“ཚོད་འདེབས་ཀྱི་ཕན་འབྲས་ལ་བལྟས་ན། ཀྲུང་གོའི་ཆུ་འབྲས་ཀྱི་རིགས་སི་ར་ལ་ཨོང་དུ་འདེབས་འཛུགས་དང་ཁྱབ་གདལ་གཏོང་རྒྱུར་ཧ་ཅང་འཚམ་པོ་ཡོད་པ་མ་ཟད། ཐོན་འཕར་གྱི་མི་མངོན་པའི་སྟོབས་ཤུགས་ཀྱང་ཧ་ཅང་ཆེན་པོ་ལྡན་ཡོད། རྒྱལ་ཁབ་གཉིས་ཀྱིས་ཞིང་ལས་མཉམ་ལས་ཟབ་ཏུ་བཏང་བས་སི་ར་ལ་ཨོང་དུ་འབྲུ་རིགས་རང་ཁ་རང་གསོ་སྔ་ཙམ་ཡོང་བར་རམ་འདེགས་ཐུབ་པའི་ཡིད་ཆེས་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།