ལས་རིགས་སློབ་གསོར་སློབ་སྦྱོང་གི་དམིགས་ཡུལ་དང་། རེ་བ། འབད་བརྩོན་བྱེད་ས་བཅས་ཡོད་དགོས།
མི་མེད་གནམ་གྲུའི་ཁ་ལོ་བ་དང་། རིག་ནུས་དྲ་སྦྲེལ་རླངས་འཁོར་སྒྲིག་སྦྱོར་གྱི་སྐྱེལ་འདྲེན་བདག་སྐྱོང་བ། བཟོ་ལས་མཐོང་ཚོར་མ་ལག་གི་སྐྱེལ་འདྲེན་བདག་སྐྱོང་བ་སོགས་འདི་ལོ་གཉེར་བའི་རྒྱལ་ཡོངས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་གསུམ་པའི་ཐོག་ལས་རིགས་རྩལ་ནུས་ཤེས་ལྡན་པ་གསར་པ་ངོམ་སྟོན་བྱས་པ་དེས་མི་རྣམས་ལ་ལས་རིགས་སློབ་གསོར་བག་ཆགས་གསར་པ་ཞིག་བཞག་ཡོད། དེ་དང་ཆབས་ཅིག་སློབ་ཆེན་སློབ་ཐོན་སློབ་མ་ཁག་གཅིག་ལས་རིགས་སློབ་གྲྭར་བསྐྱོད་ནས་ལག་རྩལ་སྣེ་གཅིག་སྦྱངས་པར་ཡང་དོ་ཁུར་ཐོབ་ཡོད་པ་རེད།
ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི《དེང་རབས་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》ནང་། 2035ལོར་སླེབས་སྐབས་ལས་རིགས་སློབ་གསོའི་སྤྱིའི་ཆུ་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་ལག་རྩལ་རྣམ་པའི་སྤྱི་ཚོགས་གཞི་རྩའི་ཆ་ནས་བསྐྲུན་ཐུབ་རྒྱུ་རེད་ཅེས་བཏོན་ཡོད། འོ་ན་ལས་རིགས་སློབ་གསོར་དེ་བས་ཡིད་དབང་འཕྲོག་ཤུགས་ལྡན་པ་ཞིག་ཇི་ལྟར་བྱེད་དགོས།
ལས་རིགས་སློབ་གསོར་སློབ་སྦྱོང་གི་དམིགས་ཡུལ་ཡོད་དགོས། ལས་རིགས་སློབ་གསོ་ཇི་ལྟར་གཉེར་བ་ནི་གསོ་སྐྱོང་བྱས་པའི་ཤེས་ལྡན་པ་སྤྱི་ཚོགས་ཀྱི་དགོས་མཁོར་བསྟུན་ཐུབ་མེད་ལ་ལྟ་དགོས། ལས་རིགས་སློབ་གསོའི་སློབ་གྲྭ་དང་སློབ་གླིང་གིས་ངེས་པར་དུ་རང་ཉིད་ཀྱི་འཇོན་ནུས་ཆེ་རུ་བཏང་སྟེ། ཐབས་བརྒྱ་ཇུས་སྟོང་གིས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས། ཐོན་སློབ་མཉམ་འདྲེས་དཔེར་བཞག་ན། ལས་རིགས་སློབ་གྲྭ་དང་སློབ་གླིང་གིས་ཡུན་རིང་སློབ་གྲྭ་གཉེར་རིང་འཚོལ་ཞིབ་ཐུབ་པའི་ཉམས་མྱོང་དེ་དག་དོན་འཁྱོལ་ཞིབ་ཕྲ་དང་འགུལ་རྣམ་ལེཌ་སྒྲིག་གཙོ་བོར་འཇོག་དགོས། དཔེར་ན། མངགས་ཐོ་རྣམ་པའི་གསོ་སྐྱོང་གི“མངགས་ཐོ”ཇི་ལྟར་གདམ་གསེས་བྱེད་པ་དང་ལག་ཁྱེར་གཉིས་ལྡན་དགེ་རྒན་གྱིས་རིག་པར་གཞིགས་ནས་སློབ་གསོ་ཇི་ལྟར་གཏོང་བ་སོགས་ལྟར“འདུས་ཚད་གསར་མ”ཡོད་ན་ད་གཟོད“རིན་ཐང་འདུས་ཚད”ཡོད་ངེས་རེད།
ལས་རིགས་སློབ་གསོར་རེ་བ་ཡོད་དགོས། རང་རྒྱལ་གྱི་ལས་རིགས་སློབ་གསོར་དེ་སྔ་ཆེད་ལས་ཚན་ཁག་གི་སློབ་རྒྱུས་ཀྱི་འགོག་རྐྱེན་འཕྲད་པ་མ་ཟད། སྲོལ་རྒྱུན་གྱི་འདུ་ཤེས་རྐྱེན་པས་ལས་རིགས་སློབ་གསོའི་སློབ་གྲྭ་དང་སློབ་གླིང་གི་སློབ་ཐོན་སློབ་མ་ཁག་གཅིག་ལས་ཀ་འཚོལ་བའི་བརྒྱུད་རིམ་ནང་དེ་ཙམ་སྣང་འཇོག་བྱེད་མཁན་མེད། ཉེ་བའི་ལོ་ཤས་རིང་ལས་རིགས་སློབ་གསོ་དེ“འབྲིང་རིམ་ལས་རིགས་དང་། མཐོ་རིམ་ལས་རིགས་ཀྱི་ཆེད་ལས་ཚན་ཁག ལས་རིགས་ཀྱི་དངོས་གཞིའི་ཚན་ཁག དེ་བཞིན་ཞིབ་འཇུག་སློབ་མ”བཅས་ཀྱི་འབྲེལ་མཐུད་རྣམ་པའི་གསོ་སྐྱོང་མ་ལག་རིམ་བཞིན་བཙུགས་ནས་ལས་རིགས་སློབ་གྲྭ་དང་སློབ་གླིང་གི“སློབ་རྒྱུས་ཀྱི་རྩེ་མོར”སླེབས་པས་ཡིད་དབང་འགུག་ཤུགས་དང་འགྲན་རྩོད་ནུས་པ་རང་ཤུགས་སུ་ཆེ་རུ་ཕྱིན་ཡོད་པ་རེད།
ལས་རིགས་སློབ་གསོ་དེ་མི་མང་པོ་ཞིག་གིས་ལས་ཞུགས་ཁྲོམ་རའི་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁ་ཡོད་ལག་ཡོད་ཀྱི་གདམ་ག་དང་མི་སྒེར་གྱི་རིན་ཐང་མངོན་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པ་མཐོང་དགོས། ལག་ལེན་གྱི་ཐོག་ནས་བལྟས་ན། ལས་རིགས་སློབ་གསོའི་སློབ་ཐོན་སློབ་མས་ལག་རྩལ་སྣེ་གཅིག་ལ་བརྟེན་ནས“ལྡོག་རྒོལ”བྱེད་པའི་དཔེ་མཚོན་མང་པོ་ཡོད། ཧུའུ་ནན་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་པའི་ཝུའུ་ཚན་ཧུའེ་ཡིས་ལོ་མང་གློག་འཕྲུལ་ཚད་ལེན་ཚོད་ལྟའི་ཁྱབ་ཁོངས་སུ་བློ་རྩེ་གཅིག་ཏུ་གཞོལ་བས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་30ལྷག་ཙམ་ཡོད་པ་རེད། ཡུན་ནན་ལག་ཤེས་སློབ་གླིང་གི་སློབ་ཐོན་སློབ་མ་ཀྲེང་ཆི་ཡོན་གྱིས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་ཞེ་ལྔ་པའི་ནང་ཨང་དང་པོ་བླངས་ནས་འགྲན་བསྡུར་དེའི་སྒུལ་བདེའི་འཕྲུལ་མིའི་རྣམ་གྲངས་ནང་ཀྲུང་གོའི་བདམས་ཐོན་པར་གསེར་གྱི་རྟགས་མ་ཐོབ་མྱོང་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་ཡོད། ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མས་མི་ཚེའི་གནས་བབ་ཡང་དག་བཙལ་ནས་དཀའ་སྤྱད་སྙིང་རུས་དང་ཆེད་ལས་ལ་ཧུར་ཐག་གཞོལ་ཚེ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་པའི་གོ་སྐབས་ཤིག་ཐོབ་ངེས་རེད།
ལས་རིགས་སློབ་གསོར་འབད་བརྩོན་བྱེད་ས་ཡོད་དགོས།《སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད(2024ལོ་ནས་2035ལོ་བར)》ནང་བཏོན་དོན། ས་གནས་སྲིད་གཞུང་གིས་ལས་རིགས་སློབ་གསོ་སྤྱི་འདོམས་འཕེལ་རྒྱས་གཏོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་མཐོ་རིམ་ལས་རིགས་སློབ་གསོའི་ཐོན་ཁུངས་གྲོང་ཁྱེར་དང་རྫོང་དུ་ཕྱོགས་པར་སྐུལ་འདེད་གཏོང་དགོས། “རིམ་པ་བརྒྱད་པའི་བཟོ་པ་གསར་པའི”ལམ་ལུགས་དོན་འཁྱོལ་བྱས་ནས་ཐོན་སྐྱེད་ཞབས་ཞུའི་འཐབ་ཕྱོགས་དང་པོའི་རྩལ་ནུས་ཤེས་ལྡན་པའི་གླ་ཆ་མཐོ་རུ་གཏོང་བ་སོགས་བྱེད་དགོས། བྱེད་ཐབས་དེ་དག་གིས་མིག་སྔའི་ལས་རིགས་སློབ་གསོ་འཕེལ་རྒྱས་འགྲོ་བའི་དཀའ་གནད་ལ་ལན་བརྒྱབ་པས་མི་རྣམས་ཀྱིས་རེ་སྒུག་བྱེད་རིན་ཡོད། འབྱུང་འགྱུར་རང་རྒྱལ་གྱི་ལས་རིགས་སློབ་གསོའི་རྒྱལ་སྤྱིའི་འགྲན་རྩོད་ནུས་པའང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་ངེས་རེད། ཤིན་ཅང་ལས་རིགས་སློབ་གྲྭ་དང་སློབ་གླིང་གིས“དར་གོས་ལམ་བུའི་ལས་རིགས་སློབ་གསོའི་མནའ་འབྲེལ”བརྒྱུད་རྒྱལ་ཁབ་ཁག་གཅིག་དང་ནུས་རྒྱུ་དང་རྫས་འགྱུར་བཟོ་ལས་དང་དེང་རབས་ཞིང་འབྲོག་ལས་སོགས་ཁྱད་ལྡན་ཁྱབ་ཁོངས་སུ་མཉམ་འབྲེལ་སློབ་གཉེར་བྱས་པས་གྲུབ་འབྲས་རགས་ཙམ་ཐོབ་ཡོད།
(རྩོམ་པ་པོ་ནི་ཀྲུང་གོ་ཚན་རིག་ཁང་སློབ་ཆེན་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་འབུམ་རམས་ཞིབ་འཇུག་སློབ་མ་ཡིན་པ)
འབྲེལ་ཡོད་གསར་འགྱུར།