དངུལ་ཆུའི་ཚ་བ་ལྟ་ཆས་ཐོན་སྐྱེད་བྱེད་མི་ཆོག་པའི་རྒྱུ་མཚན་གང་ཡིན་ནམ།
2026ལོའི་ཟླ་1ཚེས་1ཉིན་ནས་བཟུང་། རང་རྒྱལ་གྱིས་དངུལ་ཆུ་འདུས་པའི་ཚ་བ་ལྟ་ཆས་དང་དངུལ་ཆུ་འདུས་པའི་ཁྲག་ཤེད་ལྟ་ཆས་ཀྱི་ཐོན་རྫས་ཕྱོགས་ཡོངས་ནས་ཐོན་སྐྱེད་མཚམས་འཇོག་བྱེད་རྒྱུ་རེད།
སྤྱི་ཆིངས་དང་སྤྱི་བསྒྲགས་ཨང་38པ་ལག་བསྟར་དོན་འཁྱོལ་བྱས་ཏེ་དངུལ་ཆུ་འདུས་པའི་ཚ་བ་ལྟ་ཆས་དང་དངུལ་ཆུ་འདུས་པའི་ཁྲག་ཤེད་ལྟ་ཆས་ཀྱི་ཐོན་རྫས་ཐོ་འགོད་དང་ཐོན་སྐྱེད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་ཆེད། རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱིས་2020ལོའི་ཟླ་10པར《དངུལ་ཆུའི་ནད་ཀྱི་སྤྱི་ཆིངས》ལག་བསྟར་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་དོན་ཚན་གྱི་བརྡ་ཐོ་ཡོངས་བསྒྲགས་བྱས་ཏེ། 2026ལོའི་ཟླ་1ཚེས་1ཉིན་ནས་བཟུང་། དངུལ་ཆུ་འདུས་པའི་ཚ་བ་ལྟ་ཆས་དང་དངུལ་ཆུ་འདུས་པའི་ཁྲག་ཤེད་ལྟ་ཆས་ཀྱི་ཐོན་རྫས་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་མི་ཆོག་པ་ཁ་གསལ་བཏོན་པ་རེད།
ཀྲུང་གོ་སྨན་བཅོས་ཡོ་བྱད་ལས་རིགས་མཐུན་ཚོགས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས། སྤྱི་ཆིངས་ཀྱི་བླང་བྱ་ཕུད། རང་རྒྱལ་གྱིས་དངུལ་ཆུ་འདུས་པའི་ཚ་བ་ལྟ་ཆས་ཐོན་སྐྱེད་བྱེད་མི་ཆོག་པའི་རྒྱུ་མཚན་གཙོ་བོ་ནི་དངུལ་ཆུའི་དུག་ཤེད་དྲག་པོ་དང་འབེབས་འབྱེད་མི་ཐུབ་པའི་རང་བཞིན་ལས་མིའི་ལུས་ཁམས་བདེ་ཐང་དང་སྐྱེ་ཁམས་ཁོར་ཡུག་ལ་ཕོག་པའི་གནོད་འཚེ་དེ་སྲོལ་རྒྱུན་གྱི་ཚ་བ་ལྟ་ཆས་ཀྱི་སྟབས་བདེའི་རང་བཞིན་ལས་ཆེ་བར་བསམ་གཞིག་བྱས་ཡོད་པ་རེད།
རིགས་གཅིག་མཁས་ཅན་གྱིས། དངུལ་ཆུ་ནི་རྒྱུན་གཏན་གྱི་དྲོད་ཚད་འོག་གཤེར་གཟུགས་སུ་མངོན་པའི་ལྕགས་རིགས་འབའ་ཞིག་དེ་ཡིན་པ་དང་དངུལ་ཆུ་རླངས་པར་འགྱུར་སླ་པོ་ཡོད། ཚད་ལྡན་གྱི་དངུལ་ཆུའི་ཚ་བ་ལྟ་ཆས་ཤིག་གི་ནང་དངུལ་ཆུ་ཁེ་1ནས་2བར་འདུས་ཤིང་། གལ་སྲིད་དེ་ཆག་ན་དངུལ་ཆུ་མྱུར་དུ་མཁའ་རླུང་དང་འདྲེས་ནས་དུས་ཐུང་ནང་ཁང་པའི་ནང་གི་དངུལ་ཆུ་གར་ཚད་ལྡབ་ཁ་ཤས་མཐོ་རུ་འགྲོ་བ་དང་ཐ་ན་ལྡབ་བཅུ་ཕྲག་ཁ་ཤས་མཐོ་རུ་འགྲོ་གི་ཡོད། དངུལ་ཆུའི་རླངས་པ་རྔུབ་ཚེ་དབང་རྩའི་མ་ལག་དང་མཁལ་མའི་ནུས་པར་གནོད་པ་དང་བྱིས་པ་དང་སྦྲུམ་མར་གནོད་པ་དེ་བས་ཆེན་པོ་ཡོད། ཕྲུ་གུ་སྐྱེ་འཚར་འགོར་བ་དང་ཕྲུ་གུ་ཡ་མ་གཟུགས་འཁོར་བ་སོགས་ཀྱི་ལྡོག་ཐབས་བྲལ་བའི་གནོད་འཚེ་ཐོན་སྲིད་ཅེས་ངོ་སྤྲོད་བྱས།
གཞན་ཡང་ཁོར་ཡུག་ཁྲོད་དངུལ་ཆུ་རང་ཤུགས་སུ་འབེབས་འབྱེད་མི་བྱེད་པར“ཟ་རིཌ་འཁོར་འབྲེལ”བརྒྱུད་རིམ་གསོག་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཡུན་རིང་ཕོག་གི་ཡོད། དཔེར་ན། ས་རྒྱུའམ་ཡང་ན་ཆུ་ནང་གི་དངུལ་ཆུ་དེ་སྐྱེ་དངོས་ཕྲ་རབ་ཀྱིས་དུག་ཤེད་དེ་བས་ཆེ་བའི་ཀ་རྨང་དངུལ་ཆུར་འགྱུར་བ་དང་། ཉ་རིགས་ཀྱིས་རྔུབ་རྗེས་གར་ཚད་རིམ་བཞིན་ཆེ་རུ་སོང་ནས་མཐར་བཟའ་བཅའ་བརྒྱུད་མིའི་ལུས་པོའི་ནང་སིམས་ཏེ་སྐྱེ་ཁམས་མ་ལག་ཧྲིལ་པོ་དང་མིའི་རིགས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་གི་ཡོད།
མིག་སྔར་ཁྲོམ་རར་བྲིན་ཁ་རྒྱུག་པའི་ཚ་བ་ལྟ་ཆས་ཁྲོད་གཙོ་བོ་གློག་རྡུལ་ཚ་བ་ལྟ་ཆས་དང་། རྣ་བར་ཚ་བ་ལྟ་ཆས། ཐོད་པར་ཚ་བ་ལྟ་ཆས་སོགས་ཡོད། འཛད་སྤྱོད་པ་ལ་ལས་དངུལ་ཆུའི་ཚ་བ་ལྟ་ཆས་དང་། རྣ་བར་ཚ་བ་ལྟ་ཆས། གློག་རྡུལ་ཚ་བ་ལྟ་ཆས་བཅས་ལས་གང་ཞིག་ཐིག་པོ་ཡོད་མེད་ལ་ཐེ་ཚོམ་བྱེད་ཀྱི་ཡོད།
ལས་རིགས་དེའི་རིགས་གཅིག་མཁས་ཅན་གྱིས། ཡང་དག་པའི་སྒོ་ནས་བེད་སྤྱོད་བྱས་ཚེ་གློག་རྡུལ་ཚ་བ་ལྟ་ཆས་ཀྱི་ཐིག་ཚད་ཧ་ཅང་མཐོ་བས་རྒྱུན་གཏན་གྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། དངུལ་ཆུའི་ཚ་བ་ལྟ་ཆས་ལས་ཀྱང་བདེ་འཇགས་ཆེ་བ་ཡོད། གློག་རྡུལ་ཁྲག་ཤེད་ལྟ་ཆས་བཀོལ་སྤྱོད་བྱེད་སྟངས་སྟབས་བདེ་བ་དང་འཁྱེར་བདེ་བས་འཛད་སྤྱོད་པ་དེ་བས་མང་བའི་དགའ་བསུ་ཐོབ་ཡོད། ཐོན་རྫས་དེ་རིགས་ལ་གྲངས་ཀ་ཁ་གསལ་བ་དང་། བཀོལ་སྤྱོད་སྟབས་བདེ་བ། བདེ་འཇགས་ཆེ་བ་བཅས་ཀྱི་ལེགས་ཆ་ལྡན་པས་མི་ཚོགས་མི་འདྲ་བར་རྒྱ་ཁྱབ་ངང་སྤྱོད་རྒྱུར་འཚམ་པོ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།