དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་བརྩེ་བ་ཟབ་མོ་བཅངས། བློ་སེམས་གཅིག་སྒྲིལ་འཆམ་མཐུན་མེ་ཏོག་བཞད།

    ——རང་ལྗོངས་ཀྱིས་སྒར་རེས་རྣམ་པའི་སྤྱི་ཚོགས་གྲུབ་ཆ་བཏོད་དེ་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་བརྩམས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-12

    ལོ་མང་རིང་། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྒར་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་འཛུགས་སྐྱོང་བྱ་རྒྱུ་གཞི་འཛིན་སར་བྱས་ཏེ། ལོགས་སུ་སྡོད་པ་ནས་རིག་གནས་ཀྱི་བརྩེ་བ་མཉམ་འདྲེས་བར་གྱི་བྱེད་ཐབས་ཏན་ཏིག་སྤྱད་པས། མི་རིགས་ཁག་གི་མང་ཚོགས་རྣམས་གཅིག་ཕན་གཅིག་རོགས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ཏེ། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་ལམ་བུར་བསྐྱོད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་ཚུགས་པར་བྱས་ཡོད།

    སྡོད་གནས་འཆམ་མཐུན་ཡོད་པ།

    “སྔོན་ཆད་བོད་རིགས་ཀྱིས་བོད་ཀྱི་ལོ་གསར་གཏོང་བ་དང་རྒྱ་རིགས་ཀྱིས་དཔྱིད་གསར་དུས་ཆེན་གཏོང་གི་ཡོད། ད་ཆ་རྣམ་པ་དེར་རྦད་དེ་འགྱུར་ལྡོག་ཕྱིན་ཡོད” ལྷ་ས་བརྒྱད་གཅིག་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་དབྱངས་སྐྱིད་ཀྱིས་རིག་གནས་བར་ཁྱམས་མདུན་དུ་ལངས་ནས་གྱང་ངོས་སུ་སྦྱར་བའི་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་ཆེན་མཉམ་དུ་རོལ་བའི་པར་རིས་ལ་ལྟ་བཞིན་འཛུམ་དམུལ་དམུལ་ངང་དེ་ལྟར་བརྗོད། མི་རིགས་མང་པོ་འདུས་སྡོད་བྱས་པའི་སྡེ་ཁུལ་དེ“ཆ་སྒྲིག་གཉེན་འཚོལ”དང“ཁྱིམ་མཚེས་དུས་ཆེན”སོགས་ཀྱི་བྱེད་སྒོ་བརྒྱུད། དེ་སྔ“སྒོ་ཁ་སྤྲོད་ཡིན་ཡང་ངོ་མི་ཤེས་པའི”ཁྱིམ་མཚེས་ད་ཆ“དཀའ་ངལ་ཡོད་ན་ཕན་ཚུན་རོགས་རམ་བྱེད་པའི”ནང་མི་ལྟ་བུར་གྱུར་ཡོད།

    འགྱུར་ལྡོག་འདི་ལྟ་བུ་ནི་རང་ལྗོངས་ཀྱིས་མུ་མཐུད་སྐུལ་འདེད་བཏང་བའི“སྒར་རེས་རྣམ་པའི་སྡེ་ཁུལ”འཛུགས་སྐྲུན་འདུ་འགོད་ལས་བྱུང་ཞིང་། བར་མཐོངས་མཉམ་འདྲེས་དང་། སྲིད་ཇུས་ཀྱིས་འགན་ལེན། རིག་གནས་ཀྱིས་གོ་སྐོན་བློ་འགུག་སོགས་བྱས་པ་བརྒྱུད། མི་རིགས་མང་པོ་འདུས་སྡོད་ལ་སྐུལ་འདེད་བཏང་བ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་སྐྲུན་པའི་ཁུལ་ཆུང་དུ“འདུས་སྡོད་བྱ་རྒྱུ”དེ་ལྡོག་མེད་ཀྱི་ཚད་གཞི་ཞིག་ཏུ་གྱུར་ཡོད། སྟར་པ་གཅིག་གི་ཐོག་ཁང་ནང་མི་རིགས་ཁག་གི་ཁྱིམ་ཚང་གི་བསྡུར་ཚད་དོ་སྙོམས་ཡོང་བར་བྱས་ཏེ། འཆར་འགོད་བྱེད་སྐབས་འབྱུང་རྩ་ནས་སྡོད་གནས་ཀྱི་དབྱེ་མཚམས་མེད་པར་བྱས་པ་དང་། སྡེ་ཁུལ་རྙིང་པ་དག་གིས“སྒར་རེས་རྣམ་པའི”སྒྱུར་བཀོད་བརྒྱུད། སྡོད་ཁང་བརྗེ་རེས་དང་བྱེད་སྒོའི་བར་མཐོངས་མཉམ་སྤྱོད་བྱས་ནས། མི་རིགས་ཁག་གི་མང་ཚོགས་དུས་རྒྱུན་དུ་ནས་ཐུག་འཕྲད་ཡོང་བར་བྱས་ཡོད་པ་རེད།

    མཉམ་དུ་བསྡད་པ་ཙམ་མ་ཟད་དེ་བས་གཅིག་སེམས་གཅིག་འབྲེལ་བྱེད་དགོས། སྡེ་ཁུལ་དུ“སྐད་གཉིས་ཞབས་ཞུ་ས་ཚིགས”དང“མི་རིགས་སེམས་སྦྲེལ་ཁང་པ”བསྐྲུན་ཞིང་། ལས་དོན་པས་བོད་རྒྱ་སྐད་གཉིས་སྤྱད་དེ་གྲོང་མིར་འགྲོ་ལུགས་གཉེར་རོགས་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་མི་རིགས་མི་འདྲ་བའི་གོམས་གཤིས་དང་འཛེམ་བྱ་འགྲེལ་བཤད་ཀྱང་རྒྱག་གི་ཡོད།

    སྦྱངས་ནས་བསམ་གཞིག་ཐུབ་པ།

    སློབ་རའི་ནང་གི་མཉམ་འདྲེས་རྣམ་པར་དེ་བས་གསོན་ཉམས་ལྡན། “དགེ་རྒན་གྱིས་བོད་རྒྱ་སྐད་གཉིས་སློབ་ཚན་ཁྲིད་ཀྱི་ཡོད་པས་ང་ཚོ་ཚང་མས་གསལ་པོར་གོ་གི་འདུག སློབ་ཚན་གྲོལ་རྗེས་ད་དུང་རྒྱ་རིགས་སློབ་གྲོགས་ཚོ་དང་མཉམ་དུ་རྐང་རྩེད་སྤོ་ལོ་ཡང་རྒྱག་གི་ཡོད”ཅེས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སློབ་ཆུང་ལོ་རིམ་བཞི་པའི་སློབ་མ་སྐལ་བཟང་ཟླ་བས་དགའ་སྤྲོའི་ངང་སློབ་རའི་འཚོ་བ་གླེང་། སློབ་གྲྭ་འདིར་བོད་རིགས་སློབ་མ་ཡོད་པ་མ་ཟད། ད་དུང་རྒྱ་རིགས་དང་པའེ་རིགས་སོགས་མི་རིགས་མང་པོའི་སློབ་མ་ཡང་ཡོད་ལ། ཚང་མས་སློབ་ཚན་ཐོག་རོགས་རེས་སློབ་སྦྱོང་བྱེད་པ་དང་། སློབ་ཚན་གྲོལ་རྗེས་མཉམ་དུ་བྱེད་སྒོ་སྤེལ་གྱི་ཡོད་པས། འདི་ནི་མིང་དོན་མཚུངས་པའི“མི་རིགས་མཐུན་སྒྲིལ་གྱི་དགའ་ཚལ”ཞིག་ཏུ་གྱུར་ཡོད།

    རང་ལྗོངས་ཀྱིས་སློབ་གྲྭ་ཁག་མི་རིགས་མཐུན་སྒྲིལ་སློབ་གསོའི་གཡུལ་ས་གཙོ་བོར་བརྩིས་ནས། འོས་འགན་སློབ་གསོའི་དུས་མཚམས་སུ“སྐད་གཉིས་སློབ་ཁྲིད”ཁྱབ་གདལ་བཏང་བ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་སློབ་ཚན་ཚང་མའི་ནང་མཉམ་འདྲེས་ཐུབ་པར་བྱས་ཡོད། ད་ཆ་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོར་ཞུགས་ཚད་100%ཟིན་པ་དང་། སློབ་གྲྭ་ཐོན་རྗེས་ལག་གདང་སྦྲེལ་ནས་ལས་གཏོད་དང་ལམ་བུ་གསར་པར་མཉམ་དུ་སྐྱོད་པའི་གཏམ་རྒྱུད་གངས་ལྗོངས་ཀྱི་ས་གཞི་ཆེན་པོར་ཐོན་དང་དོན་མུས་རེད།

    ལས་རིགས་དར་རྒྱས་བྱུང་བ།

    བོད་ལྗོངས་མཐོ་རྩོད་འཛུགས་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་རྒྱ་རིགས་ལག་རྩལ་པ་ཝང་ལགས་ཀྱིས་བོད་རིགས་ལས་མི་བཀྲ་ཤིས་ལ་སྒྲིག་ཆས་གསར་པའི་གྲངས་གཞི་ཚོད་ལྟ་བྱེད་སྟངས་སློབ་བཞིན་ཡོད་པ་དང་། གཞིས་རྩེ་རྒྱལ་རྩེ་རྫོང་གི་ཞིང་ནང་དང་མུ་ཁར“རྒྱ་རིགས་ལས་བྱེད་པ་དང་བོད་རིགས་ལས་བྱེད་པ”ལས་གྲུབ་པའི་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་ནས་འདེབས་པའི་དཀའ་གནད་སེལ་རོགས་བྱེད་པ་སོགས་བོད་དུ་མི་རིགས་ཁག་གི་མང་ཚོགས་ཚོས་བྱ་བ་མཉམ་སྒྲུབ་དང་མཉམ་དུ་ལས་གཏོད་ཀྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད།

    ཁེ་ལས་སུ“དགེ་སློབ་ཆ་སྒྲིག”ཁྱབ་གདལ་བཏང་སྟེ་རྒྱ་རིགས་ལག་རྩལ་པས་བོད་རིགས་དགེ་ཕྲུག་འཁྲིད་པ་དང་། “སེ་འབྲུའི་ཁྲོམ་གཞུང”གི་སྒར་རེས་རྣམ་པའི་སྡེ་ཁུལ་བཏོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཞི་རིམ་བཅོས་སྐྱོང་ནང་མཉམ་འདྲེས་བྱེད་པ། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ལས་ཞུགས་དགོས་མཁོར་དམིགས་ནས“སྐད་གཉིས་དང་རྩལ་ནུས་ཟུང་འབྲེལ”གྱི་གསོ་སྦྱོང་བྱེད་པ་དང་གློག་བཟོ་དང་ཚ་ལ་རྒྱག་པ་ནས་དྲ་ཚོང་ཐད་གཏོང་བར་གྱི་ཉེར་སྤྱོད་སློབ་ཚན་ལས་ཚང་མར་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་བྱས་ཡོད། མིག་སྔའི་བར། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་མི་རིགས་ཁག་གི་མང་ཚོགས་མི་ཐེངས་ཁྲི་80ལ་གསོ་སྦྱོང་བྱས་པ་དང་། མི་ཁྲི་64མི་རིགས་མང་པོ་ཡོད་པའི་ཁེ་ལས་སུ་ལས་ཞུགས་ཐུབ་ནས་འབབ་འཕར་བྱུང་སྟེ་ཐུན་མོང་འབད་འཐབ་ཁྲོད་སྐྱིད་སྣང་ཚོར་ཡོད།

    དགའ་སྤྲོ་མཉམ་འཛོམས་ཡོད་པ།

    དཔྱིད་གསར་དུས་ཆེན་གྱི་ཆ་ཡིག་སྦྱར་སྐབས་བོད་རིགས་མང་ཚོགས་ཚོས་ཤོག་བུ་བྲེག་རོགས་བྱེད་པ་དང་། བོད་ཀྱི་ལོ་གསར་གྱི་དགུ་ཐུག་འཐུང་སྐབས་རྒྱ་རིགས་ཁྱིམ་མཚེས་ཀྱིས་ཅའོ་ཙེ་ཁྱེར་ནས་མགྲོན་དུ་ཡོང་བ། ཟླ་མཆོད་དུས་ཆེན་སྐབས་མི་རིགས་ཁག་གི་མང་ཚོགས་མཉམ་དུ་བསྡད་དེ་ཟླ་མཆོད་བག་ལེབ་ཟ་བ་ལ་སོགས། བོད་དུ“ང་ཚོའི་དུས་ཆེན”ནི་མི་རིགས་གཅིག་ཁོ་ནར་གཏོགས་པ་ཙམ་མིན་པར། མི་རིགས་ཁག་གི་མང་ཚོགས་ཚོས་མཉམ་དུ་དགའ་གཏོང་བྱེད་པའི་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་རེད།

    མི་རིགས་མཐུན་སྒྲིལ་གྱི་རིག་གནས་སྒོ་ར་1500ལྷག་ཙམ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་དང་། དཔེ་ཀློག་ཁུལ་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔེ་དེབ་ཡོད་པ། ནང་སྦྱོང་ཁང་དུ་མི་རིགས་མི་འདྲ་བའི་གླུ་གཞས་གཏོང་བ། ལུས་སྦྱོང་ཁང་དུ་མི་རིགས་ཁག་གི་མང་ཚོགས་ཚོ་མཉམ་དུ་ལུས་སྦྱོང་དང་གླེང་མོལ་བྱེད་པ། སྐད་གཉིས་ཀྱི་གཏམ་བཤད་འགྲན་བསྡུར་དང་གླུ་ལེན་འགྲན་བསྡུར་བྱེད་པ་བཅས་བྱས་ཏེ་མི་རིགས་ཁག་དབར་སྐད་བརྡ་འཕྲོད་པར་བྱས་ཡོད། དེ་གར་རིག་གནས་སྒོ་ར་ཁག་གིས་ཡུལ་དེ་གའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་དྲིལ་བསྒྲགས་དང་། བཅའ་ཁྲིམས་བློ་འདྲི། རིག་གནས་ལུས་རྩལ་བྱེད་སྒོ་སོགས་སྤེལ་བ་ལས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོར་བཅངས་པའི་མོས་སེམས་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།