འཚོ་བ་སྐྱིད་ཉམས་དོད། ཤེས་དཔལ་རྣམ་པ་ཟབ།
——ནག་ཆུ་གྲོང་ཁྱེར་དམངས་དར་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་ཚན་རིག་དང་། ཤེས་དཔལ། བདེ་ཐང་བཅས་ཀྱི་འཚོ་བའི་འདུ་ཤེས་སྐྱེད་སྲིང་བྱས་པ།

འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་བྱང་ཐང་ཁྲོམ་གཞུང་བྱང་ཐང་ཞིམ་ཟས་ཀྱི“རྒན་བྱིས་གཟིགས་སྐྱོང”སྡེ་ཁུལ་གྱི་ཟ་ཁང་ནང་ཡུལ་མིས་བང་བསྒྲིགས་ནས་ལྟོ་ཆས་ལེན་བཞིན་པ།

འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་བྱང་ཐང་ཁྲོམ་གཞུང་དམངས་དར་སྡེ་ཁུལ་གྱི་དཔེ་ཀློག་མཉམ་སྤྱོད་འདུ་ཚོགས་འཚོག་ཡུལ་ཡིན་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་བྱང་ཕྱོགས་གྲོང་འདབས་བྱང་ཐང་ཁྲོམ་གཞུང་གི་དམངས་དར་སྡེ་ཁུལ་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ལྟེ་བར་བྱས་ནས་ཚན་རིག་དང་། ཤེས་དཔལ། བདེ་ཐང་བཅས་ཀྱི་འཚོ་བའི་འདུ་ཤེས་དེ་ལྟོ་ཆས་ཟ་བ་སོགས་གཏམ་སྤྱོད་རེ་རེའི་ནང་དུ་འདྲེས་པར་བྱས་ནས། སྡེ་ཁུལ་དེའི་སྲང་ལམ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་སྟོན་གྲངས་ཉིན་རེ་བཞིན་མཐོ་རུ་བཏང་བ་རེད།
སྡེ་ཁུལ་ཟ་ཁང་དུ་ལྟོ་ཆས་མཉམ་སྤྱོད་བྱས་པ།
“རྨོ་བོ་ལགས། དེ་རིང་རྩམ་ཐུག་ཡག་པོ་འདུག ག་ལེར་མཆོད་དང” ཉིན་རེའི་ཆུ་ཚོད་དགུ་པར་དམངས་དར་སྡེ་ཁུལ་ཟ་ཁང་གི་དང་བླངས་པ་འཆི་མེད་ལྷ་མོས་རྨོ་བོ་སྒྲོལ་དཀར་ལ་ཞོགས་ཟས་བསྐྱལ་ནས་སྟེར་གྱི་ཡོད།
“སྔོན་ཆད་ཁེར་སྡོད་བྱེད་སྐབས། ནམ་རྒྱུན་རྩམ་ཐུག་ཁོག་མ་གང་བསྐོལ་ཏེ་ཉིན་གཉིས་རིང་འཐུང་གི་ཡོད་པས། འཚོ་བཅུད་ལ་སྣང་འཇོག་མེད”ཅེས་རྨོ་བོ་སྒྲོལ་དཀར་གྱིས་སྡེ་ཁུལ་དེའི་རྒན་རྒོན་མི་ཉུང་བ་ཞིག་གི་དེ་སྔའི་གནས་ཚུལ་བཤད།
རྒྱ་ཆེའི་གྲོང་མི་ཚོར“ལྕེ་རྩེ”ནས“སེམས་གཏིང”བར་གྱི་དྲོ་སྐྱིད་ཚོར་དུ་འཇུག་ཆེད། 2025ལོར། སྡེ་ཁུལ་དེས་སྲིད་གཞུང་གིས་ཁ་གསབ་སྤྲོད་པ་དང་ཁེ་ལས་ཀྱིས་གཉེར་སྐྱོང་བྱེད་པའི་རྣམ་པ་གསར་གཏོད་བྱས་ནས་ཟ་ཁང་བསྐྲུན་ཐོག་ཆེད་ལས་མ་བྱན་གདན་དྲངས་ནས་ས་མཐོའི་གྲོང་མིའི་གོམས་གཤིས་ལྟར་ཚལ་ཐོ་བཟོས་པ་སྟེ། རྒན་རྒོན་ཚོར་ཚྭ་དང་ཞག་ཚི་ཉུང་བའི་ཚགས་ཤ་ལབ་སྒོར་དང་ནས་ཞིབ་མོག་མོག་འབོལ་པོ་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་། ལས་ཀར་འགྲོ་མཁན་ཚོར་སྟབས་བདེ་ཞིང་བདེ་ཐང་གི་ཟ་མ་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།
ཤེས་རིག་གི་མྱུ་གུ་ཡང་མཉམ་ཟ་མཉམ་འཐུང་ཁྲོད་ནས་ག་ལེར་འབུས་ཤིང་། སྨི་ངོས་གྲུ་120ཡོད་པའི་སྡེ་ཁུལ་ཟ་ཁང་ནི“ཟ་མ་ཟ་དཀའ་བའི”གནད་དོན་ཐག་གཅོད་བྱེད་པའི་དམངས་འཚོའི་གཡུལ་ས་ཞིག་ཡིན་པ་མ་ཟད། ད་དུང་ཡ་རབས་ཀྱི་གོམས་གཤིས་སྐྱེད་བསྲིང་བྱེད་པའི“ལག་ལེན་གྱི་སློབ་ཚན”ཞིག་ཀྱང་ཡིན། ལག་ལེན་ས་ཚིགས་ཀྱི་དང་བླངས་པ་ཚོས“སྡེར་གཙང་བྱ་སྤྱོད”ཀྱི་གྲོས་འགོ་བཏོན་ནས་ལྟོ་ཆས་ལེན་སའི་སྐར་ཁུང་ངོས་ལ་བོད་རྒྱ་སྐད་གཉིས་ཀྱི“རན་ཚོད་བཞེས”ཞེས་སྦྱར་ཡོད་པ་མ་ཟད། ཟ་མ་ལེན་སྐབས“ཨ་ཅག་ལགས། མ་རྒྱགས་ན་ཁ་སྣོན་རྒྱབ་ཆོག་གི་རེད། འཕྲོ་བརླག་མ་གཏོང་རོགས”ཞེས་སྐད་ཆུང་ངུའི་དྲན་སྐུལ་ཡང་བྱེད་ཀྱི་ཡོད་པ་རེད།
དམངས་ཕན་ཁྲུས་ཁང་བརྒྱབ་པས་གཙང་སྦྲ་འཕྲོད་བསྟེན་སྔར་བས་ཡག་ཏུ་ཕྱིན་པ།
“དེ་གོང་དགུན་དུས་གཟུགས་པོ་འཁྲུད་སྐབས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་གྲོང་ཁུལ་དུ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་འགྲོ་དགོས། ད་ཆ་འོག་ཐོག་ཏུ་བབས་ན་སྐར་མ་ལྔའི་ནང་སླེབས་པ་མ་ཟད། ཆུ་ཚ་པོ་འདང་ངེས་དང་གཙང་མ་འདུག”ཅེས་ལོ་65ལ་སླེབས་པའི་བགྲེས་སོང་ཀུན་བཟང་སྒྲོལ་མས་སྡེ་ཁུལ་གྱི་ཁྲུས་ཁང་ལ་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད། ནག་ཆུར་དགུན་དུས་དྲོད་ཚད་ཀླད་ཀོར་འོག་གི་20℃མན་ཟིན་ཡོད་པ་དང་། རྒན་རྒོན་མི་ཉུང་བ་ཞིག་གི་ཁྱིམ་ལ་གཟུགས་པོ་བཀྲུ་བའི་ཆ་རྐྱེན་མེད་པས་ཡུལ་མིར་ཡུན་རིང་པོ་དཀའ་རྙོག་བཟོས་ཡོད། ད་ལོ་དགུན་ཁ་མ་འཆར་གོང་དམངས་དར་སྡེ་ཁུལ་གྱིས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཚད་ལྡན་ཅན་གྱི་ཁྲུས་ཁང་བརྒྱབ་ནས་གཟུགས་པོ་བཀྲུ་ས་དང་། གྱོན་གོས་བརྗེ་ས། ངལ་གསོ་རྒྱག་ས་བཅས་དབྱེ་བ་མ་ཟད། འདྲེད་འགོག་ས་གདན་དང་ལག་སྐྱོར་སོགས་རྒན་རྒོན་ལ་འཚམས་པའི་སྒྲིག་ཆས་ཀྱང་བསྒར་བ་དང་། ད་དུང་ཆེད་མི་བཀོད་སྒྲིག་བྱས་ནས་དུས་ཐོག་ཏུ་གཙང་སྦྲ་དང་དུག་སེལ་བྱེད་ཀྱི་ཡོད། ལག་ལེན་ས་ཚིགས་ཀྱི་ཁྲུས་ཁང་གཞི་རྟེན་དུ་བྱས་ཏེ“ཡ་རབས་ལུས་འཁྲུད”ཀྱི་འདུ་ཤེས་ཡུལ་མིའི་སེམས་སུ་ཟུག་པར་བྱས་ཤིང་། བོད་རྒྱ་སྐད་གཉིས་ཀྱི“ལུས་འཁྲུད་གུས་ལུགས”ཀྱི་བརྡ་སྦྱོར་བཟོས་ནས་གྱོན་ཆས་བརྗེ་སའི་གྱང་ལྡེབས་སུ་སྦྱར་བ་དང་། རྒན་རྒོན་ལ་ཆེད་དུ་དབང་བའི་ལུས་འཁྲུད་དུས་ཚོད་ནང་དང་བླངས་པས་རང་འགུལ་ངང་ཆུའི་དྲོ་གྲང་སྙོམས་རོགས་དང་འགྲོ་སྐྱོད་སྟབས་བདེ་མེད་པ་རྣམས་ལ་སྐྱོར་རོགས་བྱེད་ཀྱི་ཡོད། རྒན་རྒོན་ཁག་གཅིག་གིས་ལུས་འཁྲུད་སྒྲིག་ཆས་སྤྱོད་མ་ཤེས་པའི་སྐབས་སུ་ཆེད་མངགས“གཅིག་གཏད་གཅིག”གིས་སྤྱོད་སྟངས་སློབ་ཀྱི་ཡོད།
ད་བར་སྡེ་ཁུལ་གྱི་ཁྲུས་ཁང་གིས་རིམ་རྩིས་བརྒྱབ་ན་མི་ཐེངས་125ལ་ཞབས་འདེགས་ཞུས་པས་ཡུལ་མིའི་ཁ་ཚ་དགོས་གཏུག་གི་འཚོ་བའི་དགོས་མཁོ་ཐག་གཅོད་ཐུབ་པ་དང་ཆབས་ཅིག་གཙང་སྦྲ་འཕྲོད་བསྟེན་ལ་དང་དོད་དང་། གཞན་ལ་བརྩི་འཇོག སྤྱི་པའི་ཅ་ལག་ལ་བདག་གཅེས་བཅས་ཀྱི་འདུ་ཤེས་ཡུལ་མིའི་རྒྱུན་གཏན་གྱི་འཚོ་བའི་ནང་མཉམ་འདྲེས་བྱུང་ཡོད།
སྨན་བཅོས་ཞབས་ཞུའི་ས་ཚིགས་ཀྱིས་གྲོང་མིའི་བདེ་ཐང་ལ་འགན་སྲུང་བྱས་པ།
“ཨ་ཁུ་བསོད་ནམས་དངོས་གྲུབ་ལགས། དེ་རིང་ཁྱེད་ཀྱི་ཁྲག་ཤེད་སྔོན་མ་ལས་བརྟན་དུ་ཕྱིན་འདུག་པས། དུས་ཐོག་ཏུ་སྨན་བཟའ་རྒྱུ་མ་བརྗེད་པར་གྱིས་ལ། ལྟོ་ཆས་ཚྭ་མཐོ་པོ་གཏན་ནས་བཟའ་མི་རུང”ཞེས་དམངས་དར་སྡེ་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ས་ཚིགས་སུ་སྨན་པ་བདེ་སྐྱིད་མེ་ཏོག་གིས་ངང་རྒྱུད་རིང་པོས་ལོ་70ལ་སླེབས་པའི་རྒད་པོ་བསོད་ནམས་དངོས་གྲུབ་ལ་དོ་སྣང་བྱེད་དགོས་ཚུལ་ཐད་དེ་ལྟར་འགྲེལ་བཤད་བརྒྱབ། ཞབས་ཞུའི་ས་ཚིགས་ལ་སྨི་ངོས་གྲུ་50ཡང་ཟིན་གྱི་མེད་ནའང་། དེར་ཁྲག་ཤེད་ལྟ་ཆས་དང་། ཁྲག་མངར་ལྟ་ཆས་སོགས་གཞི་རྩའི་སྨན་བཅོས་ཀྱི་སྒྲིག་ཆས་དང་རྒྱུན་སྤྱོད་སྨན་རྫས་ཚང་མ་ཡོད་པས། གྲོང་མིའི“ནད་གཞི་ཆུང་ངུ་སྡེ་ཁུལ་དེ་རང་ནས་བཅོས་ཐུབ”ཀྱི་ཡོད།
རྒད་པོ་བསོད་ནམས་དངོས་གྲུབ་ཁྲག་ཤེད་མཐོ་པོ་ཡོད་པས། དུས་རྒྱུན་རྙོག་དྲར་འཛེམས་ཏེ་གཟུགས་པོར་དུས་ཐོག་བརྟག་དཔྱད་བྱེད་ཀྱི་མེད་ཀྱང་། སྡེ་ཁུལ་དུ་སྨན་བཅོས་ཞབས་ཞུའི་ས་ཚིགས་བཙུགས་པ་ནས་བཟུང་། དང་བླངས་པས་ཟླ་རེ་བཞིན་རྒད་པོར་བརྟག་དཔྱད་བྱེད་པར་འོང་དགོས་པའི་དྲན་སྐུལ་དང་སྦྲགས་བདེ་ཐང་གི་ཡིག་ཚགས་ཀྱང་བཟོས་ཡོད། ལག་ལེན་ས་ཚིགས་ཀྱིས་ཞབས་ཞུའི་ས་ཚིགས་དང་མཉམ་དུ་དུས་བཀག་ནང“བདེ་ཐང་དང་ཤེས་དཔལ་སྡེ་ཁུལ་དུ་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་རིང་། གྲོང་ཁུལ་སྨན་ཁང་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས་འོས་འགན་གྱི་སྨན་བཅོས་བྱས་པ་མ་ཟད། བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་འཆད་ཁྲིད་བྱས་ཏེ“གཟུགས་པོར་དུས་ཐོག་བརྟག་དཔྱད་དང་། ཚན་རིག་དང་མཐུན་པའི་ངང་སྨན་པ་བསྟེན་དགོས་པའི”ཤེས་བྱ་ཁྱབ་གདལ་བཏང་ནས་གྲོང་མིར་སྨན་པ་བསྟེན་པའི་སྒྲིག་སྲོལ་ལ་བརྩི་སྲུང་དང་སྨན་དོན་པར་བརྩི་འཇོག་བྱེད་དགོས་པའི་ཁྲིད་སྟོན་ཡང་བྱས་ཡོད།
སྨན་པས་རང་ཉིད་ཀྱི་ཆེད་ལས་དང་གཅེས་སེམས་ལ་བརྟེན་ནས་རོགས་རམ་ཞུ་བར་འོང་མཁན་མི་རེ་ངོ་རེའི་སེམས་ཁྲལ་དང་དཀའ་ངལ་བསལ་ཏེ། གྲོང་མིར་ཁ་ཡོད་ལག་ཡོད་ཀྱི་སེམས་ཁུར་བྱས་པས་སྨན་པ་དང་ནད་པའི་དབར་གྱི་འབྲེལ་བ་འཆམ་མཐུན་མཉམ་གནས་ཐུབ་ཡོད།
ད་ཆ་དམངས་དར་སྡེ་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་གི་བཀོད་པ་གཙང་ཞིང་གོ་རིམ་ལྡན་པ་བྱུང་བ་མ་ཟད། བཟང་བཀུར་དགེ་ཕྱོགས་ཀྱི་སྲོལ་བཟང་དར་སྤེལ་ཐུབ་ནས་མི་རིགས་མཐུན་སྒྲིལ་སྔར་བས་ཟབ་ཏུ་ཕྱིན་ཞིང་། དམངས་དར་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་ཉེ་བཅར་བྱས་ནས་ཞབས་འདེགས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་གཉེར་བས་ཚན་རིག་དང་། ཤེས་དཔལ། བདེ་ཐང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་བྱང་ཐང་གི་ས་གཞི་ཆེ་མོར་རྩ་བ་ཚུགས་ཐུབ་པ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།