དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “བཀྲ་ཤིས་དགེ་འཕེལ་གྱི་རབ་མཛེས་མེ་ཏོག —གནའ་བོའི་ཕོ་བྲང་དང་བོད་ཀྱི་རིག་དངོས་མཉམ་འགྲེམས”ཀྱི་སྐོར་སྐྱོད་འགྲེམས་སྟོན་གཞི་རིམ་དུ་བྱས་པ།

    ཁྱིམ་གྱི་སྒོ་རྩ་ནས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ལོངས་སུ་སྤྱོད་རྒྱུ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-12

    ཟླ་བ་12པར་ས་མཐོར་གྲང་ངར་རིམ་བཞིན་ཇེ་ཆེར་ཕྱིན་རུང་། རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་གིས་གྲོང་མི་ཚོར་དྲོ་སྐྱིད་ཀྱི་སྣང་བ་སྦྱིན། ཟླ་12ཚེས་1ཉིན། བོད་ལྗོངས་རྟེན་མཛོད་ཁང་དུ་ཟླ་བ་3བསྟུད་མར་བཤམས་པའི“བཀྲ་ཤིས་དགེ་འཕེལ་གྱི་རབ་མཛེས་མེ་ཏོག—གནའ་བོའི་ཕོ་བྲང་དང་བོད་ཀྱི་རིག་དངོས་མཉམ་འགྲེམས”དངོས་སུ་མཇུག་འགྲིལ་བ་དང་། མིང་གཅིག་མཚུངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་སྡེ་ཁུལ་དུ་མུ་མཐུད་བྱས་ཏེ་རྒྱལ་ཁབ་གཅེས་ནོར་གྱི་སྐོར་གཞན་ཞིག་བརྗོད་བཞིན་ཡོད་པ་རེད།

    ཟླ་12ཚེས་5ཉིན་གྱི་སྔ་དྲོར། བོད་ལྗོངས་རྟེན་མཛོད་ཁང་གི་རིག་རྫས་འགྲེམས་ཚོགས་ཀྱི་སྒྲོག་འགྲེལ་པ་3གྱིས“བཀྲ་ཤིས་དགེ་འཕེལ་གྱི་རབ་མཛེས་མེ་ཏོག—གནའ་བོའི་ཕོ་བྲང་དང་བོད་ཀྱི་རིག་དངོས་མཉམ་འགྲེམས”ཞེས་པའི་ནང་དོན་གཙོ་བོ་འཁྱེར་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་དུ་བསྐྱོད་ཅིང་། སྐོར་སྐྱོད་འགྲེམས་པང་དང་། བརྙན་ལམ་གསལ་འགྲེལ། མཉམ་འགུལ་ཉམས་ལེན་བཅས་བརྒྱུད་གྲོང་མི་ཚོས་རེ་ཞིག་བྲེལ་འཚུབ་ཆེ་བའི་ཁྱིམ་ལས་བཞག་སྟེ་རང་ཉིད་ཀྱི་སྒོ་འགྲམ་ནས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཉམས་སུ་མྱངས་ཏེ། ཐག་ཉེ་ས་ནས་རིག་དངོས་རྒྱབ་ཀྱི་ལོ་རྒྱུས་སྐོར་དང་རིག་གནས་ཀྱི་ནང་དོན་ཤེས་རྟོགས་བྱས་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར། “བཀྲ་ཤིས་དགེ་འཕེལ་གྱི་རབ་མཛེས་མེ་ཏོག—གནའ་བོའི་ཕོ་བྲང་དང་བོད་ཀྱི་རིག་དངོས་མཉམ་འགྲེམས”ད་ལོའི་ཟླ་8ཚེས་28ཉིན་ལྷ་སར་བྱས་ཚུན། གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་གིས་ཉར་ཚགས་བྱས་པའི་བོད་དང་འབྲེལ་བ་ཡོད་པའི་རིག་དངོས་རྨང་གཞིར་བྱས་པ་དང་ཆབས་ཅིག་བོད་ལྗོངས་རྟེན་མཛོད་ཁང་དང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ། ནོར་བུ་གླིང་ག་དོ་དམ་ཁྲུའུ་བཅས་ཁྱོན་རིག་དངོས་ཚན་པ་བཞི་ཡིས་ཉར་ཚགས་བྱས་པའི་ཡོན་མིང་ཆིང་དུས་རབས་ཀྱི་རྩ་ཆེའི་རིག་དངོས་ཆ་ཚང་95(རིག་དངོས་རྐྱང་པ་114)བཀྲམ་པ་དང་། དེའི་ནང་འདེམས་སྒྲུག་ཞིབ་ཚགས་བརྒྱབ་པའི་དཀར་ཡོལ་གྱི་རིགས་དང་། གཡང་ཊིའི་ཡོ་ཆས། ཐང་ག བཟོས་བརྙན་སོགས་ཚུད་ཡོད་པ་རེད།

    རིག་དངོས་དེ་དག་ལས་བོད་ས་གནས་ཀྱིས་ཀྲུང་དབྱང་ལ་གུས་བཀུར་ཞུ་ལུགས་མཚོན་ཡོད་ལ། ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་གུས་ལུགས་དང་སྲིད་ཇུས་གནང་བ་ཡང་མཚོན་ནས་དེ་རྒྱལ་ཁབ་བཅོས་སྐྱོང་དང་མི་རིགས་འབྲེལ་བའི་ལོ་རྒྱུས་ཀྱི་དཔང་པོ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    མཉམ་འབྲེལ་འགྲེམས་སྟོན་ཐོག“བོད་ས་གནས་ཀྱིས་ཀྲུང་དབྱང་ལ་ཕུལ་བ”དང“ཀྲུང་དབྱང་གིས་བོད་ལ་གནང་བའི”གཙོ་གནད་རིག་དངོས་ཆེན་པོ་གཉིས་ཀྱིས་མི་རིགས་མང་པོའི་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་སྙན་ངག་གསོན་ཉམས་དོད་པོས་རྒྱས་བཤད་བྱས་ཡོད། དུས་ཡུན་ཟླ་བ་3རིང་གི་འགྲེམས་སྟོན་ནང་ལྟ་སྐོར་བ་མི་ཐེངས་ཁྲི་21ལྷག་ཙམ་ཟིན་ནས་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཡག་པོ་བྱུང་ཞིང་། རྒྱལ་ཁབ་རིག་དངོས་ཅུས་དང་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་2025ལོའི་ལོ་འཁོར་གྱི“རྟེན་མཛོད་ཁང་ནས་ཀྲུང་གོ་ཤེས་རྟོགས་བྱེད་པའི”གཙོ་གནད་འོས་སྦྱོར་རྣམ་གྲངས་རག་པ་རེད།

    ས་ཡུལ་དངོས་ལ་སླེབས་མ་ཐུབ་པའི་མང་ཚོགས་དེ་བས་མང་བར་བློ་ཕམ་མི་ཡོང་བ་བྱ་ཆེད། བོད་ལྗོངས་རྟེན་མཛོད་ཁང་གིས་དྲ་ཕྱིའི་འགྲེམས་སྟོན་མཇུག་འགྲིལ་རྗེས་དྲ་ཐོག་ཏུ་འབྲེལ་ཡོད་ཀྱི“སྤྲིན་ཚོམ་ཡུལ་སྐོར”དང“ཕུལ་བྱུང་རིག་གནས་དངོས་མང་སྟོན་ཚོགས་ཀྱི་ཐོན་ཁུངས་གཞི་རིམ་དུ་ཁྱབ་གདལ་གཏོང་བའི”རིམ་སྤེལ་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་ལྷ་སའི་བདེ་སྐྱིད་སྡེ་ཁུལ་ནི་བྱེད་སྒོ་སྤེལ་ཡུལ་དང་པོ་དེ་རེད།

    བདེ་སྐྱིད་སྡེ་ཁུལ་གྱི་བྱེད་སྒོ་སྤེལ་ཡུལ་དུ། གྲོང་མིས་རི་མོ་དང་ཡི་གེ་ཉིས་ལྡན་གྱི་བརྙན་ལམ་ལ་ལྟ་བ་དང་། ཆེད་ལས་ཀྱི་འགྲེལ་བཤད་ཉན་པ། ཤེས་བྱའི་དྲིས་ལན་ནང་ཞུགས་ནས་དྲན་རྟེན་དངོས་པོ་ལེན་པ་མ་ཟད། ད་དུང་རིག་གནས་དངོས་མང་སྟོན་ཚོགས་ཀྱི་སྒྲོག་འགྲེལ་པས་མཁོ་འདོན་བྱས་པའི་མེ་ཏོག་གི་སྐྱ་བྲིས་དཔེ་དབྱིབས་ཐོག་ཚོན་སྣ་ཚོགས་བྱུགས་ནས་རང་ཉིད་ངོ་མས་འགྲེམས་སྟོན་གྱི“མེ་ཏོག་རབ་ཏུ་བཞད་པའི”མཛེས་རིག་གི་ནང་དོན་མྱོང་རོལ་བྱས་པ་རེད།

    བོད་ལྗོངས་རྟེན་མཛོད་ཁང་དྲིལ་བསྒྲགས་སློབ་གསོ་པུའི་ལས་དོན་པ་ཕེ་ཤིན་གྱིས། ད་ཐེངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་དང་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་དེ་རིགས་སྔ་རྗེས་སུ་སློབ་གྲྭ་དང་། དཔུང་སྡེ། དགོན་སྡེ་བཅས་སུ་སྤེལ་རྒྱུ་རེད་ཅེས་བཤད།

    འགྲེམས་སྟོན་ཐེངས་གཅིག་མཇུག་འགྲིལ་བ་ནི་རིག་གནས་ཁྱབ་སྤེལ་གཏོང་མཇུག་འགྲིལ་བ་ཞིག་མ་ཡིན་པར། རིག་དངོས་འགྲེམས་སྟོན་དེ་བས་གཏིང་ཟབ་བྱེད་པ་དང་ལོ་རྒྱུས་ཀྱི་སྐོར་མང་ཚོགས་ལ་བརྗོད་པ་དེ་ལས་རིག་གནས་ཀྱི་ས་བོན་གཞི་རིམ་དུ་རྩ་བ་ཚུགས་ནས་མྱུ་གུ་འབུས་པ་མཚོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།