ཁྱེད་ལ་ཁ་པར་འདི་འདྲ་ཞིག་འབྱོར་བྱུང་ངམ། ཡིད་གཟབ་གནང་ན་མ་གཏོགས……
ཉིན་ཤས་གོང་། ལྷ་སའི་སྤྱི་བདེས་མྱུར་དུ་ཁྱིམ་དུ་བསྐྱོད་པས་ཨ་ཅག་ཞིག་ལ་ཁ་བསླུས་སྒོར་ཁྲི་52ཕོག་མེད་པ་རེད།

དེ་ཡང་ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་རྒོལ་ལྟེ་གནས་ལ། ཁོངས་གཏོགས་ཀྱི་གྲོང་མི་ཨ་ཅག་ལྷག་ཆེ་གེ་མོ(མིང་ཚབ)ལ“ཐད་གཏོང་དངུལ་འཐེན”གྱི་ཁ་བསླུས་ཐེབས་བཞིན་ཡོད་པའི་སྔོན་བརྡ་འབྱོར་བ་རེད། དེར་བརྟེན་མི་དམངས་ཉེན་རྟོག་པས་འཕྲལ་མར་ཨ་ཅག་ལྷག་ཆེ་གེ་མོའི་ཁྱིམ་དུ་བསྐྱོད་པ་དང་། ལམ་བར་དུ་ཁོང་ལ་ཁ་པར་ཐེངས་མང་བརྒྱབ་ཀྱང་ཉན་མཁན་བྱུང་མེད།
མི་དམངས་ཉེན་རྟོག་པ་ཨ་ཅག་ལྷག་ཆེ་གེ་མོའི་ཁྱིམ་དུ་འབྱོར་སྐབས། ཁོང་གིས་ཁ་པར་སྤྱོད་བཞིན་དངངས་འཚབ་ཆེན་པོས“བློ་མཐུན་ཉེན་རྟོག་པ་ལགས། ད་ག་རེ་བྱེད་དགོས་སམ། ངའི་དངུལ་སྒྱུར་འགྲོ་ས་རེད”ཅེས་བཤད།
མི་དམངས་ཉེན་རྟོག་པས་འཕྲལ་མར་ལྟ་སྐབས། ཁོང་གི་ཁ་པར་གཞན་དང་སྦྲེལ་ནས་སྤྱོད་བཞིན་ཡོད་པ་དང་། གཱ་ནང་གི་སྒོར་ཁྲི་52སྒྱུར་གྲབས་ཡོད་པ་ཤེས་རྟོགས་བྱུང་བས། མི་དམངས་ཉེན་རྟོག་པས་ལམ་སེང་དྲ་བ་འགོག་པ་དང་ཁ་པར་གྱི་གཱ་འདོན་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་མ་ཟད། དངུལ་ཁང་དུ་བསྐྱོད་དེ་དངུལ་སྤྲོད་ནུས་པ་མཚམས་འཇོག་ཏུ་བཅུག་པ་རེད།
ཤེས་རྟོགས་བྱས་པ་བརྒྱུད། ཨ་ཅག་ལྷག་ཆེ་གེ་མོར་ལས་སྟེགས་ཤིག་གི“ཚོང་ཞབས་པ”ཡིན་ཟེར་བའི་ཁ་པར་ཞིག་འབྱོར་བ་དང་། ཨ་ཅག་ལྷག་ཆེ་གེ་མོའི་ཐད་གཏོང་རྩིས་ཐོའི་ཨང་གྲངས་ནས་ཟླ་རེར་གྲོན་དངུལ་རང་འགུལ་ངང་འཐེན་སྲིད་པའི་རྫུན་གཏམ་བཤད། ཕ་རོལ་པོའི་བསླུ་བྲིད་འོག ཨ་ཅག་ལྷག་ཆེ་ག་ེམོས“ཀྲེང་ཧུའེ་པའོ་62”ཞེས་པའི་APPཕབ་པ་དང་། བསམ་ཡུལ་ལས་འདས་པ་ཞིག་ལ་མཉེན་ཆས་སྒྲིག་སྦྱོར་བྱས་མ་ཐག་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་ནག་པོར་གྱུར་པས། ད་གཟོད་རྒྱང་ནས་ཚོད་འཛིན་བྱེད་བཞིན་པའི་དོགས་པ་བྱུང་བ་རེད།
ཞིབ་བཤེར་བྱས་པ་བརྒྱུད། ཨ་ཅག་ལྷག་ཆེ་གེ་མོའི་རྩིས་ཐོའི་ནང་གི་དངུལ་སྒྱུར་མེད་ཅིང་། མིག་སྔར་མི་དམངས་ཉེན་རྟོག་པས་ཨ་ཅག་ལྷག་ཆེ་གེ་མོའི་དངུལ་ཁང་གཱ་ཡི་བོར་ཐོ་འགོད་རོགས་བྱས་པ་དང་ཆབས་ཅིག ཁོང་ལ་རྗེས་སུ་དངུལ་སྒྱུར་སྐབས་དངུལ་གྲངས་ཀྱི་ཚད་གཞི་ཡང་བཟོ་རོགས་བྱས།
ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར།
“ཚོང་ཞབས་པ”ཡིན་ཟེར་བའི་ཁ་པར་འབྱོར་ཞིང་།“ཚོགས་མི་ཕྱིར་འཐེན”དང “དངུལ་འཐེན་མཚམས་འཇོག”“དངུལ་སློག་སྐྱིན་འཇལ”སོགས་རྒྱུ་མཚན་དུ་བྱས་ཏེ། ཁྱེད་ལ་ཆ་རྒྱུས་མེད་པའི་APPཕབ་ཏུ་བཅུག་ནས་ཁ་པར་མཉམ་སྤྱོད་བྱེད་པའམ་ཡང་ན་དངུལ་སྒྱུར་བར་གཞོགས་འདེགས་བྱེད་དགོས་པའི་རེ་བ་བཏོན་ཚེ་ངེས་པར་དུ་དོགས་ཟོན་བྱེད་དགོས།
དངུལ་ཁང་གཱ་ཡི་གསང་ཨང་དང་། ར་སྤྲོད་ཨང་གྲངས། ངོ་རིས་ཆ་འཕྲིན་བཅས་ཕྱིར་མི་གྱར་བ་བྱེད་དགོས་པ་དང་། གལ་ཏེ་དོགས་ཡོད་གནས་ཚུལ་འཕྲད་ཚེ་འཕྲལ་དུ་ཁ་པར་རྒྱག་མཚམས་བཞག་ནས་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ཞིབ་དཔྱད་བྱེད་པ་དང་འབྲེལ་ཉེན་རྟོག་པར་སྙན་སེང་ཞུ་དགོས།
འབྲེལ་ཡོད་གསར་འགྱུར།