དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐའེ་དབན་དང་འབྲེལ་བའི་ནོར་འཁྲུལ་གྱི་གཏམ་བརྗོད་གང་མགྱོགས་ཕྱིར་འཐེན་བྱེད་རྒྱུ་དེ་ཐག་གཅོད་བྱ་ཐབས་ཉག་གཅིག་དེ་རེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཅའོ་ཞེ་ཧོའུ།   |     སྤེལ་དུས།  2025-12-11

    ཀའོ་ཧྲི་ཙའོ་མེའོ་ཡི་ཐའེ་དབན་དང་འབྲེལ་བའི་ནོར་འཁྲུལ་གྱི་གཏམ་བརྗོད་ཀྱིས་རི་པིན་དང་ཀྲུང་གོའི་དབར་གྱི་ཕན་ཚུན་ཡིད་ཆེས་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། དེའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་དེ་རི་པིན་གྱི་ཆབ་སྲིད་དང་། དཔལ་འབྱོར། ཡུལ་སྐོར། སློབ་གསོ་སོགས་ཁྱབ་ཁོངས་མང་པོར་ཡོ་འཁྱོམ་འབྱུང་ངེས་རེད། ཐའེ་དབན་དང་འབྲེལ་བའི་ནོར་འཁྲུལ་གྱི་གཏམ་བརྗོད་གང་མགྱོགས་ཕྱིར་འཐེན་བྱས་ནས་ཡོངས་བསྒྲགས་ངང་དགོངས་དག་ཞུ་རྒྱུ་ནི་དཀའ་རྙོག་སེལ་བའི་བྱ་ཐབས་ཉག་གཅིག་དེ་ཡིན།

    རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡི་ཐའེ་དབན་དང་འབྲེལ་བའི་ནོར་འཁྲུལ་གྱི་གཏམ་བརྗོད་ལ་ཀྲུང་གོ་སྲིད་གཞུང་དང་དམངས་ཚོགས་ཀྱིས་ཧ་ཅང་མི་འདོད་པ་བྱེད་ཀྱི་ཡོད། བློ་ཕམ་དགོས་པ་ཞིག་ནི་ཀའོ་ཧྲི་ཙའོ་མེའོ་རང་ཉིད་དང་། རི་པིན་སྲིད་གཞུང་། ད་དུང་རི་པིན་གྱི་དམངས་ཚོགས་ཁག་གཅིག་བཅས་ཚང་མས་ཀྲུང་གོ་ཕྱོགས་ཁོང་ཁྲོ་ལངས་པའི་རྩ་བའི་རྒྱུ་རྐྱེན་ལ་བསམ་ཤེས་གང་ལེགས་བྱེད་ཐུབ་ཀྱི་མེད་པ་དེ་ཡིན།

    ཀའོ་ཧྲི་ཙའོ་མེའོ་ཡི་གཏམ་བརྗོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》ལས་ཚབས་ཆེན་འགལ་ནས་ཀྲུང་གོའི་ནང་སྲིད་ལ་མངོན་སུམ་འཛེམ་མེད་ངང་ཐེ་ཇུས་བྱས་པ་ཞིག་རེད། ཡིག་ངོའི་དོན་དག་ནས་བལྟས་ཚེ། དེའི་གཏམ་བརྗོད་ནི《རི་པིན་དང་ཀྲུང་གོའི་མཉམ་འབྲེལ་གསལ་བསྒྲགས》ནང་གཏན་འཁེལ་ཁ་གསལ་བྱས་པའི་ཀྲུང་གོ་གཅིག་གི་རྩ་དོན་ཁས་མི་ལེན་པ་དང་གཅིག་མཚུངས་རེད། རི་པིན་དང་ཀྲུང་གོའི་འབྲེལ་བའི་ཆབ་སྲིད་གྲོས་མོལ་གྱི་རྨང་གཞི་ཁས་མི་ལེན་པ་དང་ཡང་གཅིག་མཚུངས་ཡིན། ཀྲུང་གོ་སྲིད་གཞུང་གིས་དེའི་ཐད་སྐྱོན་བརྗོད་བྱས་པ་ནི་རྦད་དེ་ལུགས་མཐུན་དང་ལབ་གླེང་གང་ཡང་མེད་པ་ཞིག་རེད། ཀྲུང་གོས་ད་ཡོད་ཀྱི་སྒྲིག་ལམ་ལ་འགྱུར་ལྡོག་གཏོང་རྩིས་བྱེད་ཀྱི་འདུག་ཅེས་རི་པིན་སྲིད་གཞུང་གིས་རྒྱུན་དུ་སྐྱོན་འཛུགས་བྱེད་ཀྱི་ཡོད། དོན་དངོས་ཐོག་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་དང་། ཐའེ་དབན་མཚོ་འགག་གི་ད་ལྟའི་གནས་སྟངས་ལ་འགྱུར་ལྡོག་གཏོང་རྩིས་བྱེད་མཁན་ནི་རི་པིན་སྲིད་གཞུང་རང་ཉིད་རེད།

    རི་པིན་སྲིད་གཞུང་གིས《རི་པིན་དང་ཀྲུང་གོའི་མཉམ་འབྲེལ་གསལ་བསྒྲགས》ཀྱི་ལྟེ་བའི་ནང་དོན་བསྐྱར་དུ་ཁས་བླངས་ཏེ། རི་པིན་དང་ཀྲུང་གོའི་ཕྱི་འབྲེལ་རྒྱུན་གཏན་ཅན་དུ་འགྱུར་བའི་སྔ་རྗེས་སུ་རི་པིན་གྱིས“ཀྲུང་གོ་གཅིག”གི་འདོད་ཚུལ་གྱི་དོན་སྙིང་གལ་ཆེན་ལ་བསྐྱར་དུ་གོ་བ་ལེན་དགོས།

    ཟླ་11ཚེས་21ཉིན། རི་པིན་ནང་བློན་ཁང་གི་དཔོན་རིགས་ཀོན་མུའུ་ཡོན་ཝུན་གྱིས“གལ་སྲིད་གོ་ནོར་ཐེབས་པའི་གནས་ཚུལ་བྱུང་ཚེ། རྗེས་སུ་ངེས་པར་དུ་གཟབ་ནན་གྱིས་ཁ་གཏད་གཅོག་དགོས”ཞེས་གསར་འགོད་པའི་ཚོགས་འདུར་བཤད་ཡོད། དོན་དངོས་ཐོག་འདིས་ཀའོ་ཧྲི་ཙའོ་མེའོ་ཡི་ཐའེ་དབན་དང་འབྲེལ་བའི་གཏམ་བརྗོད་ལུགས་དང་མི་མཐུན་པ་ཁས་བླངས་ཡོད། འོན་ཀྱང་གནས་ཚུལ་ཚབས་ཆེ་བའི་ངོས་ནས་བལྟས་ན། རི་པིན་སྲིད་གཞུང་གིས་ངེས་པར་དུ་ནོར་འཁྲུལ་གྱི་གཏམ་བརྗོད་ལ་ཡོ་བསྲང་ཁ་གསལ་བྱས་ནས་དགོངས་དག་ཞུ་དགོས། “གོ་ནོར་བྱུང་བ”ཁོ་ན་རྒྱུ་མཚན་དུ་བྱས་ཏེ་འཕྲལ་སེལ་སླ་བཅོས་བྱས་ན་ཀྲུང་གོར་ལྷག་བསམ་བཅངས་ལུགས་རྩ་བ་ནས་མངོན་མི་ཐུབ།

    ཀའོ་ཧྲི་ཙའོ་མེའོ་ཡིས་ཕྱི་འབྲེལ་དང་འགོག་སྲུང་སྲིད་ཇུས་ཐད་མངོན་པའི་རྨོངས་རྟུལ་དང་མི་འདང་བའི་བྱེད་སྟངས་དེ་འགེབས་སྲུང་མི་ཐུབ་པ་ཞིག་རེད། ཀྲུང་གོ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀའོ་ཧྲི་ཙའོ་མེའོ་ཡི་རི་པིན་གྱི་ཕྱི་འབྲེལ་ནུས་པ་ཉམས་ཞན་དང་ཆུ་ཚད་དམའ་རུ་སོང་བ་མངོན་ཡོད་ཅེས་བཤད་ཆོག དེ་བས་ཚབས་ཆེ་བའི་གནད་དོན་ཞིག་ནི། རི་པིན་སྲིད་གཞུང་གིས་དབུ་བཞུགས་བློན་ཆེན་གྱི་ནོར་འཁྲུལ་ཚབས་ཆེན་འགེབས་སྲུང་གང་ཐུབ་དང་ཀའོ་ཧྲི་ཙའོ་མེའོ་ཡི་ནོར་འཁྲུལ་གྱི་གཏམ་བརྗོད་འགེབས་སྲུང་བྱེད་གང་ཐུབ་བྱེད་བཞིན་པ་དེ་རེད། ཀའོ་ཧྲི་ཙའོ་མེའོ་ཡི་རྒྱབ་ཏུ་རང་དབང་དམངས་གཙོ་ཏང་ཕྱི་ནང་གི་མཁྲེགས་འཛིན་ཤོག་ཁག་དང་དམག་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་ཡོད། སྟོབས་ཤུགས་དེ་དག་གིས་དུས་ཡུན་རིང་པོར་རི་པིན་དམག་དོན་རྒྱལ་ཁབ་ཆེན་པོའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། དེ་གོང་མི་རྣམས་ཀྱིས་ཀའོ་ཧྲི་ཙའོ་མེའོ་ཡིས་འགན་གནས་ཁུར་རྗེས་སྟོབས་ཤུགས་དེ་དག་ལ་རྒྱུན་ཆད་མེད་པར་བསྟུན་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་ད་ཆ་དོན་དངོས་སུ་འགྱུར་བཞིན་ཡོད།

    ཀའོ་ཧྲི་ཙའོ་མེའོ་ཡིས་ཐའེ་དབན་དང་འབྲེལ་བའི་ནོར་འཁྲུལ་གྱི་གཏམ་བརྗོད་སྤེལ་བ་ནས་བཟུང་། རི་པིན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་མུ་མཐུད་ཇེ་སྡུག་ཏུ་ཕྱིན་ཡོད། ད་ཆ་ཐའེ་དབན་དང་འབྲེལ་བའི་ནོར་འཁྲུལ་གྱི་གཏམ་བརྗོད་གང་མགྱོགས་ཕྱིར་འཐེན་བྱས་ནས་ཡོངས་བསྒྲགས་ངང་དགོངས་དག་ཞུ་རྒྱུ་ནི་དཀའ་རྙོག་སེལ་བའི་བྱ་ཐབས་ཉག་གཅིག་དེ་རེད། རི་པིན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་བརྟན་ཞིང་མཛའ་མཐུན་ཡོང་བ་བྱ་རྒྱུ་ནི་རི་པིན་བདེ་འཇགས་ཡོང་བའི་འགན་སྲུང་ཆེ་ཤོས་ཀྱི་གྲས་ཤིག་ཡིན།

    (རྩོམ་པ་པོ་ནི་རི་པིན་ཧྲན་ཁོའུ་སློབ་ཆེན་གྱི་མཚན་འཛིན་དགེ་རྒན་ཆེ་མོ་བ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།