ལྷ་གྲུ་ཨང་ཉེར་གཅིག་གི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆུང་གྲུ་ཚང་ནས་ཐེངས་དང་པོ་དོན་པའི་བྱེད་སྒོ་ལམ་ལྷོངས་བྱུང་བ།

འདི་ནི་ཟླ་12ཚེས་9ཉིན། པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱི་བརྙན་ལམ་ནས་པར་བརྒྱབ་པའི་ལྷ་གྲུ་ཨང་ཉེར་གཅིག་ཚོགས་ཆུང་གི་འཇིག་རྟེན་འཕུར་སྐྱོད་པ་ཀྲང་ལུའུ་དང་ཝུའུ་ཧྥེ(གཡས)གྲུ་ཚང་གི་ཕྱིར་ལས་ཀ་བྱེད་པའི་གནས་ཚུལ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། ལྷ་གྲུ་ཨང་ཉེར་གཅིག་གི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆུང་གྲུ་ཚང་ནས་ཐེངས་དང་པོ་དོན་པའི་བྱེད་སྒོ་ལམ་ལྷོངས་བྱུང་ནས། ལྷ་གྲུ་ཨང་ཉི་ཤུ་པའི་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་གི་སྒེའུ་ཁུང་དུ་སྐོར་ཞིབ་པར་ལེན་སོགས་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་རེད།
ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་12ཚེས་9ཉིན་གྱི་ཆུ་ཚོད་18དང་སྐར་མ་45ཡི་ཐོག ཆུ་ཚོད་8ཙམ་གྲུ་ཚང་ནས་དོན་པའི་བྱེད་སྒོ་སྤེལ་རྗེས། ལྷ་གྲུ་ཨང་ཉེར་གཅིག་གི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆུང་གི་འཇིག་རྟེན་འཕུར་སྐྱོད་པ་ཀྲང་ལུའུ་དང་། ཝུའུ་ཧྥེ། ཀྲང་ཧུང་ཀྲང་བཅས་ཀྱིས་གཡས་གཞོགས་གཡོན་འདེགས་བྱས་ཏེ། བར་སྣང་ས་ཚིགས་ཀྱི་འཕྲུལ་ལག་དང་ས་ངོས་ཚན་རིག་ཞིབ་འཇུག་མི་སྣའི་གཞོགས་འདེགས་རྒྱབ་སྐྱོར་འོག གྲུ་ཚང་ཕྱིར་ལྷ་གྲུ་ཨང་ཉི་ཤུ་པའི་འཕུར་གྲུ་ཕྱིར་ལོག་གྲུ་ཚང་གི་སྒེའུ་ཁུང་དུ་སྐོར་ཞིབ་པར་ལེན་དང་། བར་སྣང་ས་ཚིགས་ཀྱི་བར་སྣང་ཆག་རོ་འགོག་སྲུང་སྒྲིག་ཆས་སྒྲིག་སྦྱོར། དྲོད་ཚད་ཚོད་འཛིན་འཕྲུལ་ཆས་ཀྱི་རིམ་པ་མང་བའི་ཁེབས་བརྗེ་སོགས་ཀྱི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད། གྲུ་ཚང་ནས་དོན་མཁན་འཇིག་རྟེན་འཕུར་སྐྱོད་པ་ཀྲང་ལུའུ་དང་ཝུའུ་ཧྥེ་མཁའ་འདྲི་ཚོད་ལྟའི་གྲུ་ཚང་དུ་བདེ་འཇགས་ངང་ལོག་སྟེ། གྲུ་ཚང་ནས་དོན་པའི་བྱེད་སྒོ་ལམ་ལྷོངས་བྱུང་ཡོད། བཀོད་འདོམས་དཔོན་ཀྲང་ལུའུ་ལོ་གཉིས་དང་ཕྱེད་ཀའི་རྗེས་སུ་སླར་ཡང་བར་སྣང་དུ་སྐྱོད་རྒྱུ་དང་། འཇིག་རྟེན་འཕུར་སྐྱོད་པ་ཝུའུ་ཧྥེ་མིག་སྔར་གྲུ་ཚང་ནས་དོན་ཏེ་ལས་འགན་སྒྲུབ་མཁན་གྱི་གཞོན་སྐྱེས་འཇིག་རྟེན་འཕུར་སྐྱོད་པར་གྱུར་ཡོད།
འཆར་གཞི་ལྟར་ན། ལྷ་གྲུ་ཨང་ཉེར་གཅིག་གི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་རིང་། ད་དུང་མི་སྣ་དང་ཉེར་སྤྱོད་ལྗིད་ཐེག་གྲུ་ཚང་ནས་དོན་པའི་བྱེད་སྒོ་སྤེལ་ཏེ་ཚན་རིག་དང་ལག་རྩལ་ཚོད་ལྟ་བྱ་རྒྱུ་མ་ཟད། གནས་ཚུལ་ལ་གཞིགས་ནས་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་ལྷ་གྲུ་ཨང་ཉི་ཤུ་པའི་འཕུར་གྲུའི་ཆག་སྐྱོན་ཤོར་བའི་སྒེའུ་ཁུང་ལ་འགོག་སྲུང་བྱེད་ཐབས་སྤྱོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།