དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོར་སྔོ་ལྗང་གི་རྒྱ་ཁྱོན་ཆེ་རུ་ཕྱིན་ནས་ནགས་ཚལ་ཁེབས་ཚད་25%ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-12-11

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་བཏང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས”ཞེས་ཆེད་མངགས་བཀོད་ཡོད།

    དུས་བཞིར་མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོ་ལྗང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་ནགས་བཟོའི་ལས་འགན་མུའུ་དུང་ཕྱུར་5.49ལེགས་སྒྲུབ་བྱས་པ་དང་ནགས་ཚལ་ཁེབས་ཚད་25%ཟིན་ནས་གོ་ལ་ཧྲིལ་པོར་སྔོ་འགྱུར་གསར་པ་རྒྱ་ཁྱོན་བཞི་ཆ་གཅིག་ལྷག་ཙམ་ལེགས་སྐྱེས་ཕུལ་ཡོད།

    ལོ་ལྔ་ཡི་རིང་སྔོ་ལྗང་ལ་བརྟེན་ནས་བྱེ་འགོག་བྱས་པ།

    ཐ་ཁེ་ལཱ་མ་ཀན་བྱེ་ཐང་དུ་ལྗོན་ཤིང་མང་དུ་ཕྱིན་པ་དང་ཁོར་ཆིན་བྱེ་ཐང་སྔོ་ལྗང་གིས་བརྒྱན་ཞིང་། རྨ་ཆུའི་རྒྱུད་དུའང་སྔོ་ཐིང་ངེར་གནས་ཡོད།

    “བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་རྒྱག་འགོ་བཙུགས་ཚུན། སྲོལ་རྒྱུན་གྱི་བྱེ་བཅོས་དང་མི་འདྲ་བར་ས་གནས་ཁག་གིས་ལྗོན་ཤིང་འཚམ་སར་ལྗོན་ཤིང་འདེབས་པ་དང་། རྩྭ་འདེབས་འཚམ་སར་རྩྭ་འདེབས་པ། ཆུ་འདྲེན་འཚམ་སར་ཆུ་འདྲེན་པ། བྱེ་བཅོས་འཚམ་སར་བྱེ་བཅོས་བཅས་བྱས་ཡོད། ལམ་གྱི་བྱེ་བཅོས་དང་། འོད་ནུས་བྱེ་བཅོས། ཐོན་ལས་བྱེ་བཅོས་སོགས་ཀྱི་བྱ་ཐབས་སྤྱད་པར་བརྟེན་ས་ཆ་མང་པོར་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་བཞིན་ཡོད། “བྱང་གསུམ”ལས་གྲྭའི་མཚོན་བྱེད་རང་བཞིན་གྱི་དམག་འཐབ་ཆེན་པོ་གསུམ་ནང་། སྔོ་འགྱུར་ནགས་བཟོའི་ལས་འགན་མུའུ་དུང་ཕྱུར་1.64ལེགས་སྒྲུབ་བྱས་ནས་བྱང་རྒྱུད་ཀྱི་སྔོ་ལྗང་ལྕགས་རི་རིང་པོ་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་བཏང་ཡོད།

    ལོ་ལྔ་ཡི་རིང“སྔོ་འགྱུར་གསུམ”གྱི་ལས་དོན་ལ་དམ་འཛིན་བྱས་པ།

    ཤིང་འཛུགས་ནགས་བཟོ་བྱ་རྒྱུ་དེ་སྔོ་ལྗང་མང་དུ་གཏོང་ཆེད་ཙམ་མ་ཡིན་པར། ནགས་ཚལ་ནི་ཆུ་མཛོད་ཡིན་ལ། འབབ་ཁུངས་དང་། འབྲུ་མཛོད། ཐཱན་མཛོད་བཅས་ཀྱང་ཡིན་པས། རི་སྔོན་ཆུ་དྭངས་གསེར་རི་དངུལ་རིར་འགྱུར་བའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བཞིན་ཡོད། ནགས་ཚལ་དང་རྩྭ་ཐང་གི་ཐོན་ལས་སྟོབས་ཆེར་འགྲོ་བཞིན་ཡོད་པ་དང་སྔོ་ལྗང་རྒྱ་ཆེར་གཏོང་བ་དང་། སྔོ་ལྗང་དར་བ། སྔོ་ལྗང་སྲུང་སྐྱོང་བཅས་ཀྱི“སྔོ་ལྗང་གསུམ”གྱི་ལས་དོན་ལ་དམ་འཛིན་ཐུབ་ནས་སྔོ་ལྗང་ནགས་ཚལ་རིམ་གྱིས་གསེར་རིར་གྱུར་ཡོད།

    2024ལོར་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་10ཟིན་ནས་མི་ཁྲི་6000ལྷག་ཙམ་ལས་ཞུགས་འབབ་འཕར་ཡོང་བར་སྣེ་ཁྲིད་ཐུབ་ཡོད་ལ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ནགས་སྲུང་བའི་དཔུང་ཁག་ཁྲི་170ལྷག་ཙམ་བརྟན་པོར་གནས་ཡོད།

    ལོ་ལྔ་ཡི་རིང་ལྗང་མདོག་གྲུབ་འབྲས་མིག་མཐོང་ལག་ཟིན་བྱུང་བ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ཁུལ་དུ་སྔོ་ལྗང་ཁེབས་ཚད་43.32%ཟིན་པ་དང་གྲོང་ཚོར་སྔོ་ལྗང་ཁེབས་ཚད་32.01%ཟིན་ཡོད།

    གོམ་སྟབས་རྗེས་མར། “མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པར་བྱེད་པའི”དམིགས་ཚད་ལ་གཞིགས་ཏེ་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལ་བརྟེན་ནས་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད། “ལོ་ལྔ་ཚན་བཅོ་ལྔ་པར”རྒྱང་ལྟ་བྱས་ཚེ། ཀྲུང་གོའི་སྔོ་ལྗང་རིམ་གྱིས་རྒྱ་ཆེར་ཕྱིན་ནས་མི་དམངས་མང་ཚོགས་རི་སྔོན་ཆུ་དྭངས་ཁྲོད་རང་བྱུང་གི་མཛེས་སྡུག་དང་འཚོ་བའི་མཛེས་སྡུག་མཉམ་སྤྱོད་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།