དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ཁྲིམས་འཛིན་པུའུ་ཡིས་མཉམ་དུ་ལས་དོན་གཏན་འབེབས་བཀྲམ་སྟེ།

    ཡུལ་དུས་གང་རུང་ཞིག་ཏུའང་ཁྲིམས་རྩོད་པའི་ཡིག་དྲིལ་ཀློག་དབང་ལ་འགན་སྲུང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-11

    ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ཁྲིམས་འཛིན་པུའུ་ཡིས་མཉམ་དུ《ཁྲིམས་རྩོད་པའི་ཡིག་དྲིལ་ཀློག་དབང་ལ་ཁྲིམས་བཞིན་འགན་སྲུང་བྱེད་པའི་ལས་དོན་གཏན་འབེབས》(གཤམ་དུ《ལས་དོན་གཏན་འབེབས》ཞེས་བསྡུ་རྒྱུ)བཀྲམ་སྟེ། ཁྲིམས་རྩོད་པའི་ལས་གཉེར་དབང་ཆར་ཁྲིམས་བཞིན་འགན་སྲུང་བྱེད་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཡུལ་དངོས་དང་། ཡུལ་གཞན། དྲ་ཐོག་བཅས་ནས་ཡིག་ཆ་ལྟ་ཀློག་གི“ཕྱོགས་གསུམ་གཞི་གཅིག”གི་ཁྲིམས་རྩོད་པའི་ཡིག་དྲིལ་ཀློག་དབང་གི་ལྗོངས་རྣམ་སྣ་ཚོགས་ཀྱི་འགན་སྲུང་ལམ་སྲོལ་གཏོད་པར་སྐུལ་འདེད་བཏང་ནས། དོ་བདག་གི་ཁྲིམས་མཐུན་ཁེ་དབང་དང་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་དེ་བས་ལེགས་པ་ཐུབ་པར་བྱས་པ་རེད།

    《ལས་དོན་གཏན་འབེབས》ནང་བསྟན་དོན། ཁྲིམས་རྩོད་པས་ཡིག་དྲིལ་ལྟ་ཀློག་བྱེད་པར་ཡུལ་དངོས་དང་། ཡུལ་གཞན། དྲ་ཐོག་བཅས་ནས་ཡིག་དྲིལ་ལྟ་ཀློག་སོགས་ཀྱི་བྱ་ཐབས་ཚུད་ཡོད་པ་དང་། དེའི་ནང་ཡུལ་དངོས་སུ་ཡིག་དྲིལ་ལྟ་ཀློག་ཞེས་པ་ནི་ཁྲིམས་རྩོད་པས་གྱོད་དོན་སྒྲུབ་སའི་ཞིབ་དཔྱོད་ཁང་དུ་བསྐྱོད་དེ། ཡུལ་དངོས་སུ་རང་ཉིད་ཀྱིས་ཚབ་སྒྲུབ་བྱེད་པའི་གྱོད་དོན་གྱི་གྱོད་ཡིག་ལ་ལྟ་ཞིབ་དང་། གནད་བཤུས། པར་སློག་བཅས་བྱེད་པར་གོ་བ་དང་། ཡུལ་གཞན་དུ་ཡིག་དྲིལ་ལྟ་ཀློག་ཞེས་པ་ནི་ཁྲིམས་རྩོད་པས་རང་ཉིད་ཀྱིས་ཐོ་འགོད་བྱེད་སའི་ཞིབ་དཔྱོད་ཁང་དུ་བསྐྱོད་དེ། རང་ཉིད་ཀྱིས་ཚབ་སྒྲུབ་བྱེད་པའི་ས་ཁུལ་གཞན་གྱི་རིམ་མཚུངས་གྱོད་སྒྲུབ་ཞིབ་དཔྱོད་ཁང་གི་གྱོད་དོན་གྱི་གློག་རྡུལ་གྱོད་ཡིག་ལ་ལྟ་ཞིབ་དང་། གནད་བཤུས། པར་སློག་བཅས་བྱེད་པར་གོ་བ། དྲ་ཐོག་ཡིག་དྲིལ་ལྟ་ཀློག་ཞེས་པ་ནི་ཁྲིམས་རྩོད་པས་དྲ་སྦྲེལ་བརྒྱུད། གྱོད་སྒྲུབ་ཞིབ་དཔྱོད་ཁང་ལ་རང་ཉིད་ཀྱིས་ཚབ་སྒྲུབ་བྱེད་པའི་གྱོད་དོན་གྱི་གློག་རྡུལ་གྱོད་ཡིག་ལ་ལྟ་ཞིབ་དང་། གནད་བཤུས། པར་སློག་བཅས་བྱེད་པའི་རེ་ཞུ་བཏོན་པར་གོ་བ་བཅས་རེད།

    ཡིག་དྲིལ་ལྟ་ཀློག་བྱེད་སྟངས་གསུམ་ལ་འཚམ་པའི་ཁྱབ་ཁོངས་ཐད། 《ལས་དོན་གཏན་འབེབས》ནང་ཁ་གསལ་བཏོན་དོན། ཡུལ་དངོས་སུ་ཡིག་དྲིལ་ལྟ་ཀློག་བྱེད་པ་གཙོ་བོར་བཟུང་བ་དང་། ཡིག་དྲིལ་ལྟ་ཀློག་བྱེད་སྟངས་གཞན་གྱིས་གཞོགས་འདེགས་བྱེད་དགོས་ཏེ། ཁྲིམས་རྩོད་པས་ཚབ་སྒྲུབ་བྱེད་པའི་གྱོད་དོན་ཚང་མ་ཡུལ་དངོས་སུ་ཡིག་དྲིལ་ལྟ་ཀློག་བྱེད་ཆོག་པ་དང་། ཡུལ་གཞན་དུ་ཡིག་དྲིལ་ལྟ་ཀློག་དང་དྲ་ཐོག་ཡིག་དྲིལ་ལྟ་ཀློག་དེ་གཉིས་ཡུལ་དངོས་སུ་ཡིག་དྲིལ་ལྟ་ཀློག་བྱེད་པའི་ཁ་གསབ་ཏུ་བྱེད་དགོས། གྱོད་ཡིག་ལ་གློག་རྡུལ་གྱོད་ཡིག་ཡོད་པ་དང་དྲ་སྦྲེལ་ནས་བརྒྱུད་སྐུར་བྱེད་ཐུབ་རིགས་ཡིན་ཚེ། དྲ་ཐོག་ནས་ལྟ་ཀློག་གི་རེ་ཞུ་བྱེད་ཆོག་པ་དང་། དྲ་སྦྲེལ་ནས་བརྒྱུད་སྐུར་བྱེད་མི་ཆོག་པའི་གློག་རྡུལ་གྱོད་ཡིག་ཡིན་ཚེ་ཡུལ་གཞན་དུ་ལྟ་ཀློག་གི་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།