སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བྱང་ཐང་མི་དམངས་ཀྱི་བདེ་ཐང་སྲུང་བར་འབད་པ།
—— རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ནག་ཆུ་དམངས་ཕན་སྨན་ཁང་གི་འགན་འཁུར་བ་སུའུ་ཧྲོང་ཧྭ་ཡི་སྐོར་བཀོད་པ།
དགུན་གྱི་ཞོགས་པའི་ཉི་འོད་ནག་ཆུ་དམངས་ཕན་སྨན་ཁང་གི“མི་ཆོས་རིག་གནས་སྨན་བཅོས་ལ་བརྟེན་ནས་ལོ་བརྒྱའི་དམངས་ཕན་གཏོད”ཅེས་པའི་གྱང་ཐོག་ཡི་གེར་འཕྲོ་བཞིན་མཆིས། སུའུ་ཧྲོང་ཧྭ་ཡིས་རྒྱུན་གཏན་ལྟར་ཉིན་རེའི་སྨན་བཅོས་སྐོར་སྐྱོད་བྱེད་འགོ་ཚུགས།
ཁྲུང་ཆིང་ནས་ཡིན་པའི་སུའུ་ཧྲོང་ཧྭ་ཡིས་རྒྱུན་དུ་རང་ཉིད་ཀྱང་ནག་ཆུ་བ་ངོ་མ་ཞིག་ཡིན་ཞེས་བརྗོད་ཅིང་། བོད་དུ་ལོ་28ཙམ་རང་འཁྲིའི་ལས་ལ་གཞོལ་བ་དང་ནག་ཆུར་ལོ་24ཏག་ཏག་འཚོ་བ་བསྐྱལ་ཡོད། ད་ཆ་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་ནག་ཆུ་དམངས་ཕན་སྨན་ཁང་གི་འགན་འཁུར་བ་ཡིན་པའི་ཁོང་ནི་ནག་ཆུའི་སྨན་བཅོས་བྱ་གཞག་འཛུགས་སྐྲུན་ལ་ཞུགས་མཁན་ཞིག་ཡིན་ལ། ནག་ཆུ་གྲོང་ཁྱེར་གྱི་འཕེལ་རྒྱས་འགྱུར་ལྡོག་ལ་དཔང་པོ་བྱེད་མཁན་ཞིག་ཀྱང་ཡིན།
ནག་ཆུར་ཕྱག་ལས་གནང་བའི་ལོ་ཟླའི་ནང་སུའུ་ཧྲོང་ཧྭ་ཡིས་གཟི་བརྗིད་ལྡན་པའི་བྱེད་སྒོ་གསུམ་ལ་ཞུགས་ཡོད་དེ།
2015ལོར་ནག་ཆུ་གྲོང་ཁྱེར་གྱི་འཐུས་མི་གཅིག་པོ་དེ་ཡིན་པའི་ངོས་ནས་གདན་ཞུས་ལྟར་རྒྱལ་ཡོངས་གྲངས་ཉུང་མི་རིགས་འཐུས་མི་ཚོགས་པ་པེ་ཅིང་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་ཅུ་འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས་བྱེད་སྒོར་ཞུགས་པ་དང་།
2021ལོར་དམངས་གཉེར་དཔལ་འབྱོར་འཐུས་མིའི་མིང་ཐོག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པ།
2025ལོར་ནག་ཆུ་གྲོང་ཁྱེར་གྱི་འཐུས་མིའི་ངོས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་བཅས་རེད།
2002ལོར་སུའུ་ཧྲོང་ཧྭ་དང་གྲོགས་པོས་མཉམ་དུ་ནག་ཆུ་ས་ཁུལ་དུ་གསོ་རིག་ཚོགས་པའི་སྒོ་བསྟེན་སྨན་ཁང་བཙུགས་ཤིང་། སྒོ་ཐོག་མར་ཕྱེ་སྐབས་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་སྨན་ཁང་གཉེར་མོད། འོན་ཀྱང་གནམ་གཤིས་ཞན་པ་དང་ཁོར་ཡུག་དཀའ་ཚེགས་ཆེ་བའི་རྐྱེན་སྨན་པ་ཁོང་གཅིག་བུ་ལས་ལྷག་མེད།
ལོ་མང་རིང་། ཁོང་གིས་སྨན་བཅོས་བྱ་གཞག་ལ་རྩེ་གཅིག་ཏུ་གཞོལ་བ་མ་ཟད། “ཚེ་སྲོག་གོང་ན་བཀུར་བ་དང་། ཡག་ཐོག་ཡག་བརྩེགས། བདེ་ཐང་སྲུང་སྐྱོང་། དམངས་ལ་ཕན་འདོགས་པ”བཅས་ཀྱི་དམིགས་ཡུལ་རྒྱུན་འཛིན་བྱས་པར་བརྟེན་སྨན་བཅོས་ཆུ་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ས་གནས་དེ་གའི་མང་ཚོགས་དང་ལས་རིགས་གཅིག་པའི་བསྔགས་བརྗོད་ཐོབ་ཡོད།
2021ལོར་སུའུ་ཧྲོང་ཧྭ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་རྗེས་རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་ལྕི་རུ་ཕྱིན་པ་ཚོར།
ལོ་ངོ་20ལྷག་ཙམ་རིང་། སུའུ་ཧྲོང་ཧྭ་ཡིས་སྲིད་གྲོས་ཀྱི་ཨུ་ཡོན་ཐོབ་ཐང་དེར་ལྷག་པར་གཅེས་འཛིན་གནང་ཞིང་། ཁོང་གིས“སྲིད་གྲོས་ཨུ་ཡོན་བྱས་པ་ནས་བཟུང་ངས་རྟག་ཏུ་མང་ཚོགས་ཀྱི་བདེ་སྡུག་ལ་དོ་ཁུར་བྱེད་ཀྱི་ཡོད། སྨན་ཁང་ནི་ནད་བཅོས་སྲོག་སྐྱོབ་བྱ་ཡུལ་ཡིན་པས། ངས་དམངས་ཆེད་འགན་འཁྲི་ལེགས་པར་སྒྲུབ་ཀྱི་ཡིན”ཞེས་གསུངས་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།