དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞུང་ལམ་ཤར་གཏོང་ཐུབ། འཚོ་བ་སྐྱ་ནམ་རྒྱས།

    —— རྒྱལ་ལམ་349ནས་ནག་ཆུའི་གྲོང་གསེབ་དར་རྒྱས་ལ་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-11

    “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་དེང་རབས་ཅན་གྱི་འགྲིམ་འགྲུལ་དྲ་བའི་མ་ལག་འཛུགས་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་བརྟན་ལྷིང་དང་སྲ་བརྟན་དུ་གཏོང་བ་བཅས་ཀྱི་འགག་རྩའི་བྱེད་ཐབས་ཤིག་ལ་བརྩིས་ཡོད། ཕྱོགས་བཅུར་སྣུར་སྲིང་དང་མང་ཚོགས་ཀྱི་སྒོ་འགྲམ་བར་བཏིང་བའི་གཞུང་ལམ་རེ་རེ་ལམ་རྒྱུད་ཀྱི་རྫོང་དང་ཤང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི“འཕར་རྩ་ཆེན་པོར”གྱུར་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་འབབ་འཕར་ཕྱུག་འགྱུར་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་བདེ་སྐྱིད་ཀྱི་འབྲེལ་ཟམ་ཞིག་ཏུ་དེ་བས་གྱུར་ཡོད། ཉེ་ཆར་གསར་འགོད་པས་རྒྱལ་ལམ་349ལམ་རྒྱུད་ཀྱི་ལྷ་རི་རྫོང་ནས་སྙེའུ་ཤང་བར་གྱི་མང་ཚོགས་ལ་བཅར་འདྲི་བྱས་པ་དང་། དེ་ལས་འགྲིམ་འགྲུལ་ལ་འཕོ་འགྱུར་ཆེན་པོ་བྱུང་བ་ནས་བྱང་ཐང་ས་མཐོར་གསོན་ཤུགས་གསར་རྐྱང་ཞིག་བསྣན་པའང་དངོས་སུ་ཚོར་བྱུང་།

    ལྷ་རི་རྫོང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ། གསར་འགོད་པས་ལྷ་རི་རྫོང་སྙེའུ་ཤང་ནས་ཐོན་པའི་བོད་རག་དང་སྟར་ཁ་སོགས་ཡུལ་ཟོག་ཐོན་རྫས་གྲལ་སྟར་འགྲིག་པོས་བཤམས་པར་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་འདེམས་ཉོ་བྱེད་བཞིན་ཡོད་པ་མཐོང་བྱུང་། ཡིན་ཡང་ཀུན་གྱི་བསམ་ཡུལ་ལས་འདས་པ་ཞིག་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ་2100ཙམ་ཡོད་པའི་རྒྱལ་ལམ་349བསྐྱར་སྐྲུན་དང་རླངས་འཁོར་ཤར་གཏོང་མ་ཐུབ་གོང་། བྱང་ཐང་སྙེའུ་ཤང་གི“ཁམ་བུའི་མེ་ཏོག་སྦས་ལུང”ནས་ཐོན་པའི་གཅེས་ནོར་དེ་དག་སྐབས་ཤིག་རིང་ཕྱིར་བཙོང་དཀའ་བའི་གནས་སུ་གྱར་བ་རེད།

    “སྔོན་མ་ལམ་ཡག་པོ་མེད་ཙང་ཡུལ་སྐོར་བ་ཡོང་རྒྱུ་ལྟ་ཞོག ལུང་པའི་ཐོན་རྫས་ཀྱང་ཕྱིར་འཚོང་ཐབས་མེད་པས། རི་ཁམ་སོགས་ཡུལ་ཟོག་ཐོན་རྫས་འཕྲོ་བརླག་འགྲོ་བར་བལྟས་ནས་སྡོད་རྒྱུ་ལས་ཐབས་གཞན་མེད”ཅེས་སྙེའུ་ཤང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཆེད་ལས་མི་སྣ་ཉི་མ་འཛོམས་སྐྱིད་ཀྱིས་མྱོང་བ་ཟབ་མོས་བཤད། ཕྱིས་སུ་རྒྱལ་ལམ་349སྒྱུར་བཀོད་རིམ་སྤོར་བྱས་པས་གནས་ཚུལ་དེ་རིགས་ལ་འགྱུར་ལྡོག་ཆེན་པོ་བྱུང་།

    ད་ཆ། དཀའ་ངལ་དེ་དག་ལོ་རྒྱུས་ཆགས་ཡོད། རླངས་འཁོར་ལ་བསྡད་ནས་ཁོད་སྙོམས་ཤིང་རྒྱ་ཆེ་བའི་ལམ་ཆེན་དེའི་ཐོག་སྐྱོད་སྐབས། བྱང་ཐང་ས་མཐོའི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་མཐའ་དག་མིག་ལམ་དུ་མངོན་པ་སྟེ། འགྱིང་ངེར་གནས་པའི་ཐག་རིང་གི་གངས་རི་དང་དེའི་ཉེ་འགྲམ་གྱི་ཚང་ཚིང་དུ་སྐྱེས་པའི་ནགས་ཚལ་གྱིས་སྔོ་ལྗང་དང་དངུལ་དཀར་མདོག་ལས་གྲུབ་པའི་རྣམ་བཀྲའི་མཛེས་རིས་ཤིག་གྲུབ་ཡོད།

    སྙེའུ་ཤང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་གིས་ཕུན་སུམ་ཚོགས་པའི་རྩ་ཆེའི་ཐོན་ཁུངས་སྐྱེད་སྲིང་བྱས་པ་མ་ཟད། ཁྱད་ལྡན་གསོ་ཚགས་བྱ་བར་ཡང་མཐུན་རྐྱེན་བསྐྲུན་ཡོད། “རྒྱལ་ལམ་349བསྐྱར་སྐྲུན་བྱས་པ་ནས་བཟུང་ཡུལ་སྐོར་བ་མངོན་གསལ་གྱིས་མང་དུ་ཕྱིན་པ་མ་ཟད། བོད་ཕག་ཀྱང་ཧ་ཅང་བྲིན་ཁ་རྒྱུག་པོ་བྱུང་ཡོད”སྙེའུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་ལི་ཧུའེ་ཡིས“2024ལོར་ཤང་ཡོངས་ཀྱི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་50ཟིན་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཀྲེ་ཅང་གི་ཁེ་ལས་ཤིག་དང་མཉམ་ལས་བྱས་ནས་རང་ཉིད་ཀྱི་སྤུས་རྟགས་བཏོད་དེ། ཐོན་ལས་རྒྱུན་མཐུད་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་རྩིས་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།

    གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་གྲོང་གསེབ་ལ་ཡུལ་སྐོར་བྱེད་པའི་ཚ་རླབས་ཀྱང་འཕྱུར་ཡོད། སྙེའུ་ཤང་གླིང་ངུ་གྲོང་ཚོའི་ཡུལ་མི་ཚེ་དབང་རྒྱལ་མཚན་གྱིས་འདས་དོན་ལ་ཕྱིར་དྲན་བྱེད་ཀྱིན“རྒྱལ་ལམ་349སྒྱུར་བཀོད་མ་བྱས་གོང་། ལམ་དེ་འདྲ་ཞིག་ཡོད་པ་མི་མང་ཆེ་བས་ཤེས་ཀྱི་མེད། དེ་བས་ལམ་དེར་འགྲོ་མཁན་དཀོན་ལ་འགྲོ་ཡང་མི་ཕོད། གང་ལགས་ཤེ་ན། ལམ་དེར་འགྲོ་བར་ལ་མཐོན་པོ་རྒྱག་དགོས་ཁར། གནམ་གཤིས་ཡག་པོ་མེད་པས་རེད། 2018ལོར་རྒྱལ་ལམ་349རིམ་སྤོར་སྒྱུར་བཀོད་བྱས་པ་དང་ལས་གྲྭར་སྐུལ་སྤེལ་བཏང་བས། 2021ལོར་རྒྱལ་ལམ་349ཡི་ལམ་དུམ་ཧྲིལ་པོ་ལེགས་སུ་ནུས་ལྡན་ཕྱིན་ཡོད། ད་ཆ། རྫོང་གྲོང་ནས་རླངས་འཁོར་ལ་བསྡད་དེ་ལོག་ཡོང་ན་ཆུ་ཚོད་གཉིས་ལྷག་ཙམ་ལས་འགོར་གྱི་མེད། སྙེའུ་ཤང་གི་མིང་གྲགས་གང་སར་ཁྱབ་ནས་ཡུལ་སྐོར་བ་མང་དུ་ཕྱིན་པ་མ་ཟད། ང་ཚོའི་ཁྱིམ་གྱི་དམངས་སྲོལ་གནས་ཚང་གི་ཡོང་འབབ་ཀྱང་ལྡབ་འཕར་བྱུང་སོང”ཞེས་སེམས་འགུལ་ཐེབས་བཞིན་དུ་བཤད།

    རྒྱལ་ལམ་349ཡི་འགྱུར་ལྡོག་ནི་ནག་ཆུའི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་མཚོན་ཚུལ་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ལ་བརྟེན་ནས་ནག་ཆུས་མགྱོགས་མྱུར་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་སྟེ། རྒྱལ་ལམ་109དང་345སོགས་ཀྱི་ལམ་དུམ་སྒྱུར་བཀོད་ལས་གྲྭ་བདེ་བླག་ངང་འགོ་བཙུགས་པ་དང་། སྲིད་འཛིན་གྲོང་ཚོ་172ཀྱི་མང་ཚོགས་ཀྱི་སྒོ་འགྲམ་བར་ཡངས་ཤིང་ཁོད་སྙོམས་པའི་གཞུང་ལམ་བཏིང་ཡོད།

    ལམ་གཅིག་གིས་ཤང་གཅིག་ལ་འགྱུར་ལྡོག་བཏང་བ་དང་། དེ་ལྟ་བུའི་ལམ་རེ་རེས་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་བཞིན་ཡོད། གཞུང་ལམ་རྒྱུན་ཆད་མེད་པར་བཏིང་བ་དང་བསྟུན་ནས་ནག་ཆུའི་མང་ཚོགས་ཀྱང་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་དེ་བརྒྱུད་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།