རྒྱུགས་མ་འཕྲོད་ན་སློབ་ཡོན་ཕྱིར་སློག་སྲིད་དམ། “གཞུང་རྒྱུགས”གསོ་སྦྱོང་ལ་བློས་འགེལ་ཆོག་གམ།
ཉེ་བའི་ལོ་ཤས་རིང་། གཞུང་ཞབས་པའི་ཡིག་རྒྱུགས་ལ་ཞུགས་རྒྱུ་དེ་མཐོ་སློབ་སློབ་ཐོན་སློབ་མ་མི་ཉུང་བ་ཞིག་གི་གདམ་ག་ཡག་ཤོས་ལ་གྱུར་ཏེ“གཞུང་རྒྱུགས་ཀྱི་ཚ་རླབས”ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
ཧྲའན་ཤིས་ཤིས་ཨན་གྲོང་ཁྱེར་ནས་ཡིན་པའི་སློབ་གྲོགས་ཀྲང་ཆེ་གེ་མོས་ལོ་གཉིས་གོང་གི་སློབ་ཐོན་དུས་ཚིགས་སུ་ཚན་པ་50ལྷག་ཙམ་གྱི་ལས་གནས་མི་འདྲ་བའི་ལས་བསྡུའི་འདུ་ཚོགས་ལ་ཞུགས་ཤིང་། དེའི་ནང་གཞུང་ཞབས་པ་དང་། བྱ་གཞག་ཚན་པ། མཐོ་སློབ། ཀྲུང་དབྱང་གཞུང་ཁོངས་ཁེ་ལས་སོགས་ཚུད་ཡོད་པ་རེད། སློབ་གྲོགས་ཀྲང་ཆེ་གེ་མོས“ང་རང་འགྲོ་འདོད་ཆེ་ཤོས་ནི་གཞུང་ཞབས་པའི་ལས་གནས་དེ་ཡིན། ཕྱོགས་གཅིག་ནས་ལས་གནས་བརྟན་པོ་ཡིན་ལ། ཕྱོགས་གཞན་ཞིག་ནས་འདེམས་བསྐོ་བྱེད་པའི་བརྒྱུད་རིམ་ཡང་ཅུང་དྲང་གཞག་རེད་འདུག ས་ཁུལ་ཁག་གི་གཞུང་ཞབས་པའི་ཡིག་རྒྱུགས་དུས་ཚོད་ཏག་ཏག་འཁེལ་ཚེ་ངས་ཡིག་རྒྱུགས་ཚང་མའི་ནང་ཞུགས་ཀྱི་ཡོད”ཅེས་བརྗོད།
“གཞུང་རྒྱུགས”ཀྱི་ཚ་རླབས་ཀྱི་སྐུལ་འདེད་འོག“གཞུང་རྒྱུགས”ཀྱི་གསོ་སྦྱོང་འདྲ་མིན་སྣ་ཚོགས་ཀྱང་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད། ཀློག་པ་པོ་མང་པོ་ཞིག་གིས“གཞུང་རྒྱུགས”གཏོང་བའི་བརྒྱུད་རིམ་ནང་གསོ་སྦྱོང་འཛིན་གྲྭར་ཟུར་ཁྲིད་ལ་ཞུགས་མྱོང་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།
སློབ་གྲོགས་ཀྲང་ཆེ་གེ་མོས“‘གཞུང་རྒྱུགས’ཀྱི་གསོ་སྦྱོང་ལ་ཡིག་རྒྱུགས་དང་ངོ་རྒྱུགས་རིགས་གཉིས་ཡོད་ཅིང་། ཡིག་རྒྱུགས་ལ་དཔྱད་ཡིག་ཅུང་མང་བས་རང་སྦྱོང་བྱས་ན་ཁོང་དུ་ཆུད་ཐུབ། འོན་ཀྱང་ངོ་རྒྱུགས་སྐབས་མང་ཆེ་བ་ས་ཡུལ་དངོས་ཀྱི་ཉམས་མྱོང་ལ་བརྟེན་དགོས་པས། སློབ་གྲོགས་མང་ཆེ་བས་ཡིག་རྒྱུགས་འཕྲོད་རྗེས་ངོ་རྒྱུགས་གི་གསོ་སྦྱོང་འཛིན་གྲྭར་མིང་ཐོ་འགོད་ཀྱི་ཡོད། དེ་དང་བསྟུན་ནས་ངོ་རྒྱུགས་གི་གསོ་སྦྱོང་འཛིན་གྲྭའི་སློབ་ཡོན་ཡང་དེ་བས་མཐོ་བ་ཡོད”ཅེས་བརྗོད།
གསར་འགོད་པར“གཞུང་རྒྱུགས”ཟུར་ཁྲིད་སྒྲིག་གཞི་ཞིག་གི“ངོ་རྒྱུགས་གཅིག་སྡུད་སྦྱོང་བརྡར་སྒར་སའི”དྲིལ་བསྒྲགས་བརྡ་ཁྱབ་ཐོག་ནས་ཉིན་བརྒྱད་རིང་གི་ངོ་རྒྱུགས་གི་གསོ་སྦྱོང་སློབ་ཡོན་སྒོར་9800ཡིན་པ་དང་། གཞན་ད་དུང་སློབ་ཡོན་སྒོར་ཁྲི་2.38ཡིན་པའི“གྲོས་མཐུན་སློབ་ཚན”ཡང་ཡོད་པ་དང་གལ་ཏེ་ངོ་རྒྱུགས་མ་ལོན་ན་སྒོར་ཁྲི་1.7སློག་གི་ཡོད་ཅེས་བྲིས་ཡོད་པ་མཐོང་། ཧྥུའུ་ཅན་ཞ་མོན་གྲོང་ཁྱེར་གྱི་སློབ་གྲོགས་ཝང་ཆེ་གེ་མོས་དེ་སྔ“གཞུང་རྒྱུགས”ཟུར་ཁྲིད་སྒྲིག་གཞི་ཞིག་ཏུ་ངོ་རྒྱུགས་ཟུར་ཁྲིད་ཀྱི་ལས་འགན་གཅིག་ལྕོགས་འཁུར་མྱོང་ཡོད། ཁོང་གིས“ངོ་རྒྱུགས་གསོ་སྦྱོང་འཛིན་གྲྭ་མང་ཆེ་བ་ནི་མི་8ནས་10བར་གྱི་འཛིན་གྲྭ་ཆུང་བའི་སྦྱོང་བརྡར་ཡིན་པ་དང་། སློབ་ཡོན་ནི་ས་ཁུལ་མི་འདྲ་བ་དང་ཡིག་རྒྱུགས་ཀྱི་རིགས་མི་འདྲ་བ་ལ་གཞིགས་ནས་ལེགས་སྒྲིག་བྱེད་ཀྱི་ཡོད། སྤྱིར་བཏང་གཟའ་འཁོར་གཅིག་ལ་སྒོར་ཁྲི་1ཡས་མས་ཡིན་པ་དང་། ཐོ་འགོད་མང་བའི་ཡིག་རྒྱུགས་རིགས་ལ་རིན་གོང་དེ་བས་མཐོ་བ་ཡོད། བརྒྱུད་རིམ་ཧྲིལ་པོར་གཅིག་གིས་གཅིག་ལ་ཟུར་ཁྲིད་བྱེད་ཀྱི་ཡོད་པས་རིན་གོང་སྒོར་ཁྲི་1ལྷག་ཙམ་ཟིན་གྱི་ཡོད”ཅེས་གསར་འགོད་པར་བརྗོད་བྱུང་།
གཞན་ཡང་། “གཞུང་རྒྱུགས”གསོ་སྦྱོང་འཛིན་གྲྭ་ཁག་གཅིག་གིས“བརྒྱུད་རིམ་ཧྲིལ་པོར་ཟུར་ཁྲིད་དང་། ལས་གནས་འདེམས་རོགས། རྒྱུགས་མ་ལོན་ན་སློབ་ཡོན་ཕྱིར་སློག”བཅས་བྱེད་ཀྱི་ཡོད་ཅེས་ཤོད་ཀྱི་ཡོད་མོད། འོན་ཀྱང་དོན་དངོས་ཐོག་སློབ་ཡོན་སློག་པར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། ཧྲན་ཏུང་ཧྲང་ཧོ་རྫོང་གི་སློབ་གྲོགས་ཀྲང་ཆེ་གེ་མོས་ན་ནིང་ཟླ་དྲུག་པར“གཞུང་རྒྱུགས”ཟུར་ཁྲིད་འཛིན་གྲྭ་ཞིག་ལ་མིང་ཐོ་བཀོད་པ་རེད། ཁོང་གིས། “མིང་ཐོ་འགོད་སྐབས་གསོ་སྦྱོང་སྒྲིག་གཞིའི་དགེ་རྒན་གྱིས་གལ་ཏེ་རྒྱུགས་མ་ལོན་ན་ཉིན་35ཡི་ནང་སློབ་ཡོན་སློག་ཆོག་ཅེས་གསལ་པོར་བཤད། ད་ལོའི་གཞུང་ཞབས་པའི་ཡིག་རྒྱུགས་སྐབས་ང་རང་ཚུད་མི་འདུག་པས་སྒྲིག་གཞིར་སློབ་ཡོན་སློག་དགོས་པའི་རེ་བ་བཏོན་པ་ཡིན། གསོ་སྦྱོང་གི་གྲོས་མཐུན་ལྟར་སློབ་ཡོན་སྒོར་ཁྲི་1.87སློག་དགོས་ཀྱི་ཡོད” འོན་ཀྱང་སློབ་གྲོགས་ཀྲང་ཆེ་གེ་མོས་སློབ་ཡོན་སློག་པར་མཁོ་བའི་འབྲེལ་ཡོད་ཡིག་ཆ་སྤྲད་རྗེས། ཟླ་བ་གཉིས་ལྷག་ཙམ་ཕྱིན་ཡང་སློབ་ཡོན་གཏན་ནས་སློག་མེད། “དུས་ཚོད་གྲོས་མཐུན་ནང་འཁོད་པའི་ལས་ཀའི་ཉིན་35ལས་བརྒལ་ཡང་། འབྲེལ་གཏུག་དགེ་རྒན་གྱིས་དུས་ཚོད་ནར་འགྱངས་བྱས་ནས་ངར་གནས་ཚུལ་གང་རུང་ལ་ཁ་གཡར་ནས་ལན་གསལ་པོ་ཞིག་གཏན་ནས་རྒྱག་གི་མི་འདུག”
“གཞུང་རྒྱུགས”ཀྱི་ཟུར་ཁྲིད་ལ་ཕན་འབྲས་ཡོད་དམ། སློབ་གྲོགས་ཀྲང་ཆེ་གེ་མོས“གཞུང་ཞབས་པའི་ཡིག་རྒྱུགས་ཀྱི་ངོ་རྒྱུགས་མང་ཆེ་བ་ནི་སྒྲིག་གཞི་ཅན་གྱི་དཔྱད་ཞིབ་ཡིན་པས། མ་དཔེ་དང་ཐབས་ལམ་ངེས་ཅན་ཞིག་ཡོད། དམིགས་སའི་རང་བཞིན་ལྡན་པའི་ཕྱི་ཕྱོགས་ཀྱི་ཟུར་ཁྲིད་ལ་ཞུགས་ན་མི་རྣམས་ཀྱིས་མྱུར་དུ་རྒྱུགས་གཞི་དང་རྒྱུགས་ལེན་གྱི་རྣམ་པར་རྒྱུས་མངའ་ལོན་ཐུབ་མོད། འོན་ཀྱང་ལན་བཏབ་ན་མ་དཔེ་ཅན་དུ་འགྱུར་སླ་བས་རང་ཉིད་ཀྱི་བསམ་གཞིག་བྱེད་ནུས་ཤོར་སྲིད”ཅེས་བརྗོད། ངོ་རྒྱུགས་འཕྲོད་པའི་སློབ་གྲོགས་ཀྲོའུ་ཆེ་གེ་མོ་ནི“གཞུང་རྒྱུགས”ཟུར་ཁྲིད་འཛིན་གྲྭར་ཞུགས་མྱོང་མེད། ཁོང་གིས་གསོ་སྦྱོང་འཛིན་གྲྭར་ཐོ་བཀོད་ན་ཡིག་རྒྱུགས་གྲ་སྒྲིག་ཡག་ཙམ་དང་བློ་བདེ་ཙམ་ལས་གཞན་གྱི་ནུས་པ་གང་ཡང་ཐོན་གྱི་མེད་ཅེས་བརྗོད།
སློབ་མ་རྣམས་ཚོང་ལས་རྣམ་པའི“གཞུང་རྒྱུགས”གསོ་སྦྱོང་ལ་ཞུགས་འདོད་བྱེད་པ་ལས་མཐོ་སློབ་སོགས་ཆེད་ལས་ཀྱི་སློབ་གསོའི་སྒྲིག་གཞིར་བློས་འགེལ་འདོད་མེད་པ་གང་ཡིན་ནམ། ཅང་སུའུ་ནན་ཅིང་གྲོང་ཁྱེར་གྱི་སློབ་གྲོགས་དབང་གིས། “སློབ་གྲྭར་སྡོད་རིང་སློབ་གྲྭའི་ལས་ཞུགས་ལྟེ་གནས་སམ་ཡང་ན་སློབ་གླིང་གི་དགེ་རྒན་གྱིས་ལས་འཚོལ་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་མ་ཟད། ལས་ཞུགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་ཡང་སྤེལ་གྱི་ཡོད། དེ་དག་གིས་ཆ་འཕྲིན་བསྡུ་སྒྲིལ་བྱེད་པར་ཕན་ཐོགས་ཡོད་མོས། འོན་ཀྱང་ཞིབ་ཕྲའི་ལས་འཚོལ་ཐབས་ཤེས་ཐད་ཕན་པ་དེ་ཙམ་མེད། སློབ་གྲྭ་ཐོན་རྗེས་ཚང་མ་སློབ་གྲྭར་སྡོད་ཀྱི་མེད་པས་འབྲེལ་ཡོད་ཀྱི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་ཤེས་རྟོགས་དེ་ཙམ་ཐུབ་ཀྱི་མེད་པ”ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
“གསོ་སྦྱོང་སྒྲིག་གཞི་འདེམས་པར་གན་རྒྱའི་དོང་རྙི་དང་། སྒྲོག་འགྲེལ་རྫུན་མ། དགེ་རྒན་དཔུང་ཁག་རྫུན་བཟོ་སོགས་ཀྱི་གནད་དོན་ལ་དོགས་ཟོན་བྱེད་དགོས” ཀྲུང་གོ་མི་དམངས་སློབ་ཆེན་ངལ་རྩོལ་མི་དོན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཁྲེན་ལི་ཧྥན་གྱིས། གསོ་སྦྱོང་འཛིན་གྲྭར་ཐོ་འགོད་མ་བྱས་གོང་ཚོད་ལྟའི་སློབ་ཁྲིད་ལ་ཞུགས་ན་འཚམ་པོ་ཡོད། སློབ་མ་རྙིང་པའི་ས་ནས་སློབ་ཁྲིད་ཀྱི་མྱོང་རོལ་སྐད་ཆ་དྲིས་ན་ཡག་པོ་ཡོད་པ་དང་དྲ་བའི་གདེང་འཇོག་ཡག་པོ་ཁོ་ན་འདོན་མཁན་སྒྲིག་གཞིར་དོགས་ཟོན་བྱེད་དགོས། གསོ་སྦྱོང་སྒྲིག་གཞི་དང་གན་རྒྱ་འཇོག་སྐབས་དེའི་ནང་གི་སློབ་ཡོན་སློག་པའི་དོན་ཚན་དང་འགན་འཁྲི་འཁུར་མི་དགོས་པའི་དོན་ཚན་ལ་ལྷག་དོན་དུ་དོ་སྣང་བྱས་ཏེ་གན་རྒྱ་སོགས་ཀྱི་དཔང་རྟགས་ཡག་པོ་ཉར་ནས་གནད་དོན་ཐོན་སྐབས་རང་ཉིད་ཀྱི་ཁེ་དབང་སྲུང་ཐུབ་པ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།