ཀྲུང་གོའི་ཁེ་ལས་ཀྱིས་ཇུས་འགོད་དང་སྐྲུན་འགན་ཁུར་བའི་ལོ་སིའི་མེང་སུང་གི་ཀྲའོ་ཝ་600ཟིན་པའི་རླུང་གློག་རྣམ་གྲངས་སྒྲིག་སྦྱོར་འཕྲུལ་ཚན་ཡོངས་ནས་གློག་གཏོང་འགོ་ཚུགས་པ།

འདི་ནི་ལོ་སིའི་མེང་སུང་དུ་ཀྲའོ་ཝ་600ཟིན་པའི་རླུང་གློག་རྣམ་གྲངས་ཀྱི་ཆན་ཧྥུའུ་500ལོན་པའི་གློག་ཤུགས་ས་ཚུགས་ཡིན་པ།
ལོ་སིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེ་ཤོས་པ་སེ་ནས་རླངས་འཁོར་བསྡད་དེ་ཤར་ཕྱོགས་སུ་བསྐྱོད་དེ་མུ་ཁྱུད་རི་བོ་བརྒལ་རྗེས་རིམ་བཞིན་མུ་མཐའ་མེད་པའི་འབྲས་ཞིང་ཆེན་པོ་ཞིག་ཏུ་སླེབས་པ་དང་། ས་བབ་མཐོ་རུ་རྒྱུན་ཆད་མེད་པར་སོང་བ་དང་སྦྲགས་དལ་གྱིས་འཁོར་བའི་རླུང་འཁོར་དཀར་པོ་མང་པོ་རི་བོའི་ལྡེབས་ནས་རི་རྩེའི་བར་དུ་གྲལ་བསྒྲིགས་པ་མཐོང་རྒྱུ་ཡོད། དེ་ནི་ཀྲུང་གོའི་ཁེ་ལས་ཀྱིས་ཇུས་འགོད་དང་སྐྲུན་འགན་ཁུར་བའི་ལོ་སིའི་མེང་སུང་གི་ཀྲའོ་ཝ་600ཟིན་པའི་རླུང་གློག་རྣམ་གྲངས་གནས་ཡུལ་གཙོ་བོ་དེ་རེད། ལྗང་མདོག་ནུས་རྒྱུའི་ལས་གྲྭ་དེ་ནི་ལོ་སིའི་རླུང་གློག་རྣམ་གྲངས་དང་པོ་དེ་རེད་ལ། མིག་སྔར་ཨེ་ཤེ་ཡ་ཤར་ལྷོའི་སྒྲིག་ཆས་རྐྱང་པའི་གཞི་ཁྱོན་ཆེ་ཤོས་ཀྱི་རླུང་གློག་རྣམ་གྲངས་ཤིག་ཀྱང་རེད།
“རྣམ་གྲངས་དེ་སའེ་ཀུང་ཞིང་ཆེན་དང་ཨ་སུའོ་ཕོ་ཞིང་ཆེན་གཉིས་བསྒྲལ་ནས་གནས་ཁུལ་གྱི་ས་བབ་སྨི་1000ནས་2200བར་ཡིན་པ་དང་། ཀྲའོ་ཝ་4.5ཟིན་པའི་རླུང་ཤུགས་གློག་འདོན་འཕྲུལ་ཚན་133ལས་གྲུབ་པ་ཞིག་རེད”ཅེས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཧྭ་ཏུང་ཞིབ་འཇུག་ཁང་གི་ལོ་སིའི་མེང་སུང་གི་ཀྲའོ་ཝ་600ཡི་རླུང་གློག་རྣམ་གྲངས་ཀྱི་ཅིང་ལི་སུན་ཁྲང་ཅང་གིས་ངོ་སྤྲོད་བྱས། ད་ལོའི་ཟླ་བརྒྱད་པར་རྣམ་གྲངས་དེས་སྒྲིག་སྦྱོར་འཕྲུལ་ཚན་ནས་ཚོང་ལས་ལ་གློག་བཏང་སྟེ། སྔོན་དཔག་བྱས་ན་ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་17.2ཙམ་ཟིན་ནས་ཐཱན་འབུད་ཚད་ཏུན་ཁྲི་156ཉུང་དུ་གཏོང་ཐུབ་ཀྱི་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་ཀྱི་འཕྲུལ་ཚན་ནས་བཏང་བའི་ལྗང་མདོག་གློག་ནུས་དེ་རིང་ཚད་སྤྱི་ལེ་71ཟིན་པའི་ཆན་ཧྥུའུ་500ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་བརྒྱུད་ཤར་ཕྱོགས་ཀྱི་ཝེ་ཐེ་ནམ་གྱི་དབུས་རྒྱུད་དུ་གཏོང་གི་ཡོད། སུན་ཁྲང་ཅང་གིས། “ལོ་རེའི་ཟླ་བ་བཅུ་གཅིག་པ་ནས་ཕྱི་ལོའི་ཟླ་བཞི་པའི་བར་ལོ་སིར་ཐན་པ་བསྟན་ནས་ཆར་ཆུ་ཉུང་ཞིང་རླུང་བུ་ཆེན་པོ་ལྡང་བས། རྣམ་གྲངས་ལག་ལེན་བསྟར་བ་དེས་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་ལ་དུས་ཚིགས་རང་བཞིན་གྱི་གློག་ཤུགས་མི་འདང་བ་ནུས་ལྡན་གསབ་ཐུབ་ནས་གློག་དྲ་བརྟན་དུ་ཕྱིན་ཏེ་རྡོ་སྣུམ་ལ་བརྟེན་རྒྱུ་ཉུང་དུ་ཕྱིན་ཡོད”ཅེས་བརྗོད།
རྣམ་གྲངས་སྐྲུན་རིང་། ས་གནས་དང་ཉེ་འགྲམ་གྱི་ཡུལ་མི་1000ལྷག་ཙམ་ངལ་ནུས་དང་། དོ་དམ། ཁ་ལོ་བ། སྐད་སྒྱུར་སོགས་ཀྱི་ལས་ལ་ཞུགས་ཚད་ལས་མི་ཡོངས་ཀྱི་བསྡུར་ཚད་ཀྱི་60%ཡན་ཟིན་ཡོད། ལས་མི་ཁག་གཅིག་རྣམ་གྲངས་པུའུ་ཡིས་སྤེལ་བའི་གསོ་སྦྱོང་བརྒྱུད་རང་སོའི་རྩལ་ནུས་ཆེ་རུ་ཕྱིན་ཏེ་མུ་མཐུད་རྣམ་གྲངས་ནང་ལས་ཀ་བྱེད་བཞིན་ཡོད། “རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ནང་ཀྲུང་གོ་ཕྱོགས་ཀྱིས་ས་གནས་དེ་གའི་ལས་མིར་ས་གནས་ས་ཐོག་ཏུ་བདེ་འཇཌ་དང་། རླུང་འཁོར་དཔྱང་སྒྲིག སྒྲིག་ཆས་སྐྱེལ་འདྲེན་དང་བདག་སྐྱོང་སོཌ་ཀྱི་ལག་རྩལ་གསོ་སྦྱོང་བྱས་ཡོད”ཅེས་ལོ་སིའི་ནུས་རྒྱུ་དང་གཏེར་རྫས་པུའི་ནུས་རྒྱུ་གཏེར་རྫས་ཐིང་གི་ཐིང་ཀྲང་གཞོན་པ་ལང་ཕན་གྱིས་བརྗོད།
“ཀྲུང་གོར་དེང་རབས་ཅན་གྱི་ལག་རྩལ་དང་ཉམས་མྱོང་ཡོད་པས། ལོ་སི་དང་ཀྲུང་གོའི་དབར་ནུས་རྒྱུའི་ཐད་མཉམ་ལས་བྱས་པ་དེས་ལོ་སིའི་ནུས་རྒྱུ་གཙང་མ་ཕྱོགས་སྒྱུར་ཡོང་བར་དོན་སྙིང་གལ་ཆེན་ལྡན་ལ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་ལས་བྱས་ཏེ་ནུས་རྒྱུའི་ཚབ་བྱེད་གསར་སྤེལ་དང་ནུས་རྒྱུའི་ཉེན་ཁ་ཆུང་དུ་གཏོང་རྒྱུར་ཡང་དཔེ་སྟོན་ཐུབ་ཡོད། འབྱུང་འགྱུར་ཕྱོགས་གཉིས་པོས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་ཤུཌ་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོ་དང་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་ལང་ཕན་གྱིས་བརྗོད།
འབྲེལ་ཡོད་གསར་འགྱུར།