ཀྲུང་གོའི་སྤུས་རྟགས་ཕྱི་རྒྱལ་དུ་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་པ།

འདི་ནི་ཕོར་ཐིའུ་ཀལ་གྱི་ལི་སི་པོན་དུ་གཉེར་བའི་2025ལོའི་དྲ་རྒྱའི་དབུ་ཚོགས་ཐོག་ཡུས་ཧྲུའུ་ཚན་རྩལ་གྱི་མི་དབྱིབས་འཕྲུལ་མི་དང་ལྟད་མོ་བའི་དབར་མཉམ་འགུལ་བྱེད་བཞིན་པ།
ཉེ་ཆར། ཏེ་ཆིན་ཀྲུང་གོས་ཁྱབ་བསྒྲགས་བྱས་པའི《ཏེ་ཆིན་ཀྲུང་གོའི་2025ལོའི་ནོར་སྲིད་ལོའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་སྙན་ཞུའི》ནང་། གོ་ལ་ཧྲིལ་པོའི་ཁྲོམ་ར་ཉིན་རེ་བཞིན་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་དུ་འགྲོ་བའི་རྒྱབ་ལྗོངས་འོག་ཀྲུང་གོའི་ཁེ་ལས་ཀྱིས“ཕྱིར་སྐྱོད་རྣམ་པ”དེ་ཐོན་རྫས་དང་མ་རྩ་ཕྱིར་གཏོང་ནས་སྤུས་རྟགས་ཕྱིར་གཏོང་དང་། སྒྲིག་འཛུགས་ནུས་པ། དོ་དམ་ལམ་སྲོལ། བཅོས་སྐྱོང་མ་ལག་བཅས་ཕྱོགས་ཡོངས་ནས་རིམ་སྤོར་བྱེད་པའི་དུས་མཚམས་གསར་པར་སླེབས་པ་མངོན་ཡོད། དུས་མཚམས་ཤིག་རིང་། ཀྲུང་གོའི་སྤུས་རྟགས་རབ་དང་རིམ་པས་ཚན་རྩལ་འདུས་ཚད་དང་། རིག་གནས་ཀྱི་ནང་དོན་ཟབ་པ། ཇུས་འགོད་ཀྱི་བསམ་བློ། དེ་བཞིན་ཀྲུང་ཕྱི་གང་སར་མཉམ་འདྲེས་བྱུང་བའི་བརྩེ་དུང་གི་རིན་ཐང་བཅས་ལ་བརྟེན་ནས་ཕྱི་རྒྱལ་གྱི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཤུགས་ཇེ་ཆེར་ཕྱིན་ཏེ་ཐོན་རྫས་ཀྱི་སྙན་གྲགས་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
“གོ་ལ་ཧྲིལ་པོའི་འཛད་སྤྱོད་པ་དང་མ་འཇོག་བྱེད་མཁན་ཚང་མར་དེའི་ཁྲོད་ནས་ཕན་པ་ཐོབ་རྒྱུ་ཡིན་པ”
འཇར་མན་གྱི་པོ་ལན་ཏེང་པའོ་བཟོ་ལས་སློབ་ཆེན་གྱི་བཟོ་སྐྲུན་ཚན་ཁག་གི་སློབ་མ་ཚོས“རོགས་ཟླ་གསར་པ”ཞིག་བསུས་པ་སྟེ། དེ་ནི་ཡུས་ཧྲུའུ་ཚན་རྩལ་གྱི་མི་དབྱིབས་འཕྲུལ་མི“ཨའེ་ཏི”རེད། སློབ་གྲྭ་དེའི་གྲངས་འཛིན་ཅན་གྱི་ཇུས་འགོད་ཞིབ་འཇུག་ཆེད་ལས་རྣམ་གྲངས་ཀྱི་འགན་འཁུར་བ་ལོར་ཕུའུ·ཧྲི་ཐ་ཁེ་ཡིས། སློབ་གྲྭས་ཡུས་ཧྲུའུ་ཚན་རྩལ་གྱི་མི་དབྱིབས་འཕྲུལ་མི་G1དེ་བཟོ་སྐྲུན་སློབ་ཁྲིད་ཀྱི་ལག་ལེན་ནང་རྒྱ་ཁྱབ་སྤྱོད་རྒྱུའི་འཚོལ་ཞིབ་བྱེད་བཞིན་ཡོད་པ་མ་ཟད། པེར་ལིན་བཟོ་ལས་སློབ་ཆེན་སོགས་སྒྲིག་གཞི་དང་མཉམ་འབྲེལ་བྱས་ཏེ་བཟོ་སྐྲུན་ཨར་ལས་ཁྲོད་མི་དང་འཕྲུལ་འཁོར་མཉམ་ལས་ཐུབ་ངེས་ཡིན་པའི་ཆར་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བརྗོད།
ད་ལོའི་ཟླ་7པར། 2025ལོའི་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་གོ་ལ་ཧྲིལ་པོའི་བྱ་དགའ་ཡོངས་བསྒྲགས་བྱས་པ་དང་། ཡུས་ཧྲུའུ་ཚན་རྩལ་དེ་ཉིད་རྒྱལ་ཁབ་95ཡི་ཀུང་སི་780ལྷག་ཙམ་གྱི་ཁྲོད་ནས་འབུར་དུ་ཐོན་ཏེ་བྱ་དགའ་ཐོབ་པའི་ཁེ་ལས་ཀྱི་གྲས་སུ་གྱུར་པ་དང་། དེའི་འཕྲུལ་མིའི་ཁྱབ་ཁོངས་ཀྱི་སྟོབས་ཤུགས་ཆེན་པོར་གོ་ལ་ཧྲིལ་པོའི་ཁས་ལེན་ཐོབ་ཡོད།
ཀྲུང་གོའི་སྤུས་རྟགས་ཀྱིས་ཕྱི་རྒྱལ་གྱི་ས་གནས་ཁག་གི་འཛད་སྤྱོད་པའི་བེད་སྤྱོད་གོམས་གཤིས་དང་ཟུང་འབྲེལ་བྱས་ཏེ་གསར་གཏོད་རང་བཞིན་གྱི་ལག་རྩལ་ཞིབ་སྤེལ་དང་སྒྱུར་བཀོད་བྱས་ཡོད། ཞའོ་ཉིའུ་གློག་སྒུལ་གྱིས་ཡོ་རོབ་ཁྲོམ་རར་ས་གནས་དེ་གའི་རྡོ་གཅལ་གྱི་ལམ་ངོས་ལ་དམིགས་ནས་འཁོར་ལོ་དང་ཡོམ་འགོག་མ་ལག་ལེགས་སུ་བཏང་བ་མ་ཟད། གློག་སྒུལ་སྦག་སྦག་གི་རྐང་སྟེགས་ཀྱི་ཞེང་ཚད་ཀྱང་ལེགས་སྒྲིག་བྱས་ཏེ་ཨེ་ཤེ་ཡ་ཤར་ལྷོའི་ཁྲོམ་རར་གློག་སྒུལ་འཁོར་གཉིས་ཀྱི་ཆུ་འགོག་དང་ཆུ་བརྒལ་ནུས་པ་ཆེ་རུ་བཏང་བ་དང་ཆབས་ཅིག“གློག་བརྗེ་སྟངས”ཁྱབ་གདལ་བཏང་ནས་འཛད་སྤྱོད་པའི་ཉོ་སྒྲུབ་མ་གནས་དམའ་རུ་བཏང་ཡོད།
“ཀྲུང་གོས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་རང་བརྟེན་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ”
རྒྱལ་སྤྱིའི་མི་སྣ་དང་སྨྱན་སྦྱོར་གྱིས་ཀྲུང་གོ་སྲིད་གཞུང་དང་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ལ་མཐོང་ཆེན་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་ཀྲུང་གོའི་ཆ་ཚང་བའི་ཐོན་ལས་མ་ལག་དང་དྲང་གཞག་སྒོ་དབྱེའི་ཁྲོམ་རའི་ཁོར་ཡུག་སོགས་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད།
པར་ཙིར་གྱི་ཀྲུང་གོའི་གསར་གཏོད་དཔལ་འབྱོར་ཞིབ་འཇུག་ཁང་གི་ཀྲུའུ་ཞི་ཁེ་ལའོ་ཏི་ཡ·ཡ་ནུའུ་ཆི་ཡིས། “ལོ་མང་རིང་ཚན་རྩལ་དང་སློབ་གསོའི་ཐད་མ་དངུལ་བཏང་བ་བརྒྱུད། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ལ་མི་ཤུགས་ཐོན་ཁུངས་དང་། ལག་རྩལ་ཆུ་ཚད། དོ་དམ་ཉམས་མྱོང་སོགས་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད། ཀྲུང་གོ་དེ་ཉིད་ཚན་རྩལ་གསར་གཏོད་ཀྱི་རྒྱལ་ཁབ་ཆེན་པོར་གྱུར་ནས་ཀྲུང་གོའི་སྤུས་རྟགས་ཀྱིས་འཛམ་གླིང་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་བཞིན་ཡོད”ཅེས་བརྗོད། ཨེ་ཅིབ་ཀྱི་ཨེ་ཀྲུང་ཚོང་ཚོགས་ཀྱི་དྲུང་ཆེ་ཏི་ཡ·ཧོར་སྨི་ཡིས། ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་ཀྲུང་གོར་མི་ཐབས་རིག་ནུས་དང་། 5Gའཕྲིན་གཏོང་། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་ལྟེ་བའི་ལག་རྩལ་ཚད་བརྒལ་བྱུང་ནས་ཚན་རྩལ་མཐོ་བའི་ཐོན་ལས་ཁག་གཅིག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཡོད་ལ། གོ་ལ་ཧྲིལ་པོའི་ཚན་རྩལ་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ཡང་རམ་འདེགས་ཐུབ་ཡོད་ཅེས་བརྗོད།
“སྒོ་དབྱེ་མཉམ་སྤྱོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འཛམ་གླིང་དང་གསར་གཏོད་ཀྱི་ལག་རྩལ་མཉམ་སྤྱོད་བྱེད་པ”
ཞའོ་སྨི་དང་OPPOསོགས་འཛད་སྤྱོད་གློག་རྡུལ་སྤུས་རྟགས་ལ་ན་གཞོན་འཛད་སྤྱོད་པའི་དགའ་བསུ་ཐོབ་པ་དང་། པི་ཡ་ཏི་སོགས་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་ས་གནས་དེ་གའི་མང་ཚོགས་ཀྱི་ལྗང་མདོག་འགྲོ་སྐྱོད་ལ་རམ་འདེགས་བྱས་པ། ཀྲུང་གོའི་གློག་རྡུལ་ཚོང་དོན་ལས་སྟེགས་དང་ཟོག་འགྲུལ་སྤུས་རྟགས་ཀྱིས་ས་གནས་དེ་གའི་ཁེ་ལས་དང་མཉམ་དུ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་སོགས་བྱས་ཡོད། སི་ཕེན་གྱི“རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་ལྟེ་གནས་ཀྱི་དྲུང་ཆེ་ཁཱ་ལོ་སི·པི་ཨེར་ས་ཡིས། ཀྲུང་གོའི་སྤུས་རྟགས་འཕེལ་རྒྱས་ཕྱིན་པ་དེས་སི་ཕེན་གྱི་ཁྲོམ་རར་འགྱུར་ལྡོག་ཏན་ཏིག་བྱུང་ནས་ས་གནས་དེ་གའི་ཁྲོམ་རའི་ལག་རྩལ་དང་། ཁོར་ཡུག་སྲུང་སྐྱོང་། ཞབས་འདེགས་ཞུ་སྟངས་བཅས་ཐད་རིམ་སྤོར་དང་གསར་གཏོད་བྱེད་མགྱོཌ་སུ་ཕྱིན་ཡོད་ཅེས་བརྗོད།
ཧོར་སྨི་ཡིས། “ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ངོས་ནས། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མུ་མཐུད་རྒྱ་ཆེར་གཏོང་བ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་པར་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། ཀྲུང་གོས་རྒྱལ་ཁབ་དེ་གའི་ཁེ་ལས་རྒྱལ་སྤྱིའི་ཁྲོམ་རར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་རྒྱལ་སྤྱིའི་སྤུས་རྟགས་ཀྲུང་གོའི་ཁྲོམ་རར་ཞུགས་པར་དགའ་བསུ་ཞུ་བ་དང་། རྒྱལ་ཁབ་ཁག་གི་ཁེ་ལས་ལ་དྲང་གཞག་འགྲན་རྩོད་དང་། ཉམས་མྱོང་སྤེལ་རེས། གཉིས་ཁེ་གཉིས་ཕན་བཅས་བྱ་ཆེད་སྒོ་དབྱེའི་ལས་སྟེགས་མཁོ་འདོན་བྱེད་པ་དེ་འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་ཁེ་ཕན་དང་མཐུན་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།