དཀར་མདའ་གྲོང་ཚོར་དར་རྒྱས་གླེང་བ།

འདི་ནི་དཀར་མདའ་གྲོང་ཚོའི་གྲོང་མིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་འགྲེམས་ལེན་བཞིན་པ། (ཐུབ་བསྟན་གྱིས་པར་བརྒྱབ)
དགུན་ཐོག་མར། མཚོ་བོད་ས་མཐོའི་མཚོ་སྔོན་ཡུལ་ཤུལ་གྲོང་ཁྱེར་གྱི་རི་ལྡེབས་སུ་ཉི་འོད་ལམ་ལམ་འཕྲོས་ཤིང་། གྲལ་སྟར་འགྲིག་པའི་ཁང་པ་མཛེས་ཤིང་བརྗིད་ཆགས་ལྡན།
2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་དེ་སྔོན་ཡུལ་ཤུལ་གེགས་ཁུལ་དུ་བསྐྱོད་པ་ཐུགས་ལ་འཁོར་བ་སྟེ“སྐབས་དེར་ས་བབ་སྨི་4000ལྷག་ཙམ་ཟིན་པའི་གྲོང་ཚོ་ཞིག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་འདུག”ཅེས་གསུངས།
“སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ལ་བཅངས་པའི་གྲོང་ཚོ་དེ་ནི་ང་ཚོའི་དཀར་མདའ་གྲོང་ཚོ་རེད”ཅེས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་དཀར་མདའ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཡེ་ཤེས་ཀྱིས་འཛུམ་དམུལ་དམུལ་ངང་བརྗོད།
2010ལོའི་ཟླ་6ཚེས་1ཉིན། དཀར་མདའ་གྲོང་ཚོར་བློ་མཐུན་ཞི་ཅིན་ཕིང་གིས“གེགས་རྗེས་བསྐྱར་སྐྲུན་བྱེད་སྐབས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆེན་བྱེད་དགོས”ཞེས་བཀའ་མངགས་ནན་པོ་གནང་བ་རེད།
ཡུལ་ཤུལ་གསར་པ། དཀར་མདའ་གསར་པ།
ཡུལ་མི་རྣམས་ཀྱིས་གེགས་རྗེས་བསྐྱར་སྐྲུན་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས། ཏང་འཛུགས་ལམ་སྟོན། ཐོན་ལས་སྣེ་ཁྲིད། འཇོན་མིས་སྣེ་ཁྲིད་བཅས་ཀྱི་སྐོར་ལྷུག་པོར་གླེང་ཞིང་། “དཀར་མདའི་འཕོ་འགྱུར་གསར་པ་ནི་རྫ་ཆུའི་རྒྱུན་ལས་ཀྱང་རིང”
“ལུག་ར་སྒོ་རྩིས་ཚོང་ཁང”གི་ཚོང་ཟོག་བྲིན་ཁ་རྒྱུཌ།
“ལོ་དེར་དངོས་འབྲེལ་ཁག་པོ་བྱུང་། ཁྱིམ་ལ་རྒྱུ་དངོས་གང་ཡང་མེད་པས་དབུལ་པོ་དབུལ་རྐྱང་ཡིན། ཐོན་ཁུངས་དང་མ་དངུལ་མེད་ལ་ལག་ཏུ་འུར་རྡོ་ཡོད་ཀྱང་ཕྱུགས་ཟོག་མེད་པས་ཕན་པ་ཅི”
ལོ་མང་པོ་སོང་ཡང་། ཡེ་ཤེས་ཀྱིས་ལོ་དེའི་གེགས་རྗེས་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཉིས་བརྩེགས་ད་དུང་དྲན་གྱི་ཡོད། འཕེལ་རྒྱས་ཇི་ལྟར་དོན་གཉེར་བྱེད་པའི་ཐད་གྲོང་ཚོའི་ཨུ་ལྷན་གཉིས་ལ་གནོན་ཤུགས་ཆེན་པོ་འཕྲད།
མི་རེས་བསམ་ཚུལ་སྣ་ཚོགས་བཤད་ཀྱང་། ཡེ་ཤེས་ཀྱིས་གྲོང་མདོའི་ལུག་ར་རྙིང་པར་ཅེར་ནས་བསྡད།
ལུག་ར་ནི་ཞིང་ཆེན་ལམ་308དང་ཐག་ཉེ་བས་ས་བབ་ལེགས་ཤིང་། དེའི་མཐའ་འཁོར་དུ་རྩིག་གྱང་ཡོད་པས་ཆར་རླུང་འགོག་ཐུབ་ལ་སྒོ་རྩིས་ཚོང་ཁང་དེ་གར་གཉེར་ན་དངུལ་ཡང་གྲོན་ཆུང་བྱེད་ཐུབ།
“སེར་སྣ་བྱས་པ་ཞིག་མིན། འདི་ནི་གྲོང་ཚོའི་སྐྱེལ་འདྲེན་རུ་ཁག་གིས་ཉིན་མཚན་མེད་པར་དཀའ་ལས་བརྒྱབ་ནས་བསགས་པའི་ཡོང་འབབ་དང་པོ་ཡིན་པས། སྐར་མ་ཁ་གང་ཡང་གྲོན་ཆུང་བྱེད་དགོས”ཞེས་བཤད།
ཡོང་འབབ་དང་པོ་གསོག་པ་ལས་སླ་པོ་མིན།
དཀར་མདའ་ནི་སྔོན་ཆད་གྲོང་ཚོ་དབུལ་པོ་ཞིག་ཡིན། དུད་ཁྱིམ་200ལྷག་ཙམ་གྱི་གྲོང་མི་ཁ་ཐོར་དུ་བསྡད་ནས་ནོར་ལུག་འཚོ་སྐྱོང་བྱེད་ཀྱི་ཡོད།
2010ལོར་ཡུལ་ཤུལ་ལ་ས་ཡོམ་བརྒྱབ་ཅིང་། རྨས་སྐྱོན་ཕོག་པའི་ཡེ་ཤེས་ཀྱིས་ཞིག་རོའི་དཀྱིལ་ནས་གྲོང་ཚོའི་ཏང་ཀྲི་པུའི་བྱང་བུ་བཏོན་པ་དང་གྲོང་ཚོའི་ཐང་སྟོང་དུ་བཙུགས་པ་རེད།
“ཀྲི་པུའུ་ཡོད་ན་སེམས་པ་གཅིག་ཏུ་བསྒྲིལ”
ཡེ་ཤེས་ཀྱིས་དཀར་མདར་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བྱས་པར་བརྟེན། གྲོང་མི་ཡོངས་ཀྱིས་བྱང་བུ་དེར་བརྩི་མཐོང་གང་ལེགས་བྱེད་པ་ཤེས་ཀྱི་ཡོད།
གེགས་རྗེས་བསྐྱར་སྐྲུན་ལ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱས།
ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་རམ་བྱེད་སྐབས། ཡེ་ཤེས་ཀྱིས་གྲོང་ཚོའི་གཞོན་རབས་པ་ཁྲིད་ནས“ང་ཚོར་རྒུད་སྐྱོབ་མི་དགོས་པར་འཕྲུལ་ཆས་དགོས། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པའི་ལག་ཆ་དགོས”ཞེས་བཤད།
ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་རང་ཕབ་མོ་ཊ་5དང་། ཟོག་འདྲེན་རླངས་འཁོར་2 བླུག་འཁོར་1བཅས་འཕྲལ་མར་སྤྲོད་རྒྱུའི་ཁས་ལེན་བྱས་ཤིང་། གྲོང་ཚོའི་ནང་འཕྲུལ་འཁོར་གཏོང་ཤེས་མཁན་གཞོན་ནུ་བདམས་ནས་སྐྱེལ་འདྲེན་རུ་ཁག་སྒྲིག་འཛུགས་བྱས་པ་དང་།“ལྕགས་གླང”བརྒྱད་བཏང་ནས་བསྐྱར་སྐྲུན་བྱེད་བཞིན་པའི་ཡུལ་ཤུལ་ས་གཞིར་ཡུལ་མིའི་སྡོད་ཁང་དང་། གནམ་ཐང་། སློབ་གྲྭ་བཅས་བྲེལ་བརྩོན་ཆེན་པོས་བསྐྲུན་པ་རེད།
བསགས་པའི་དངུལ་ལས་ཁག་གཅིག་ངལ་རྩོལ་ལྟར་བགོ་བཤའ་བརྒྱབ་ནས་གླ་ཕོགས་སྤྲད་པ་དང་། ཁག་གཅིག་གསོག་འཇོག་བྱས་ཡོད། ལོ་གསུམ་གྱི་རིང་སྒོར་ཁྲི་བཅུ་ལྷག་ཙམ་བསགས་པ་ནི་དཀར་མདའ་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་དང་པོ་རེད།
2013ལོའི་དཔྱིད་ཀ་ཤར་མ་ཐག་ཡོང་འབབ་དེ་དག་ལ་བརྟེན་ནས“ལུག་ར་སྒོ་རྩིས་ཚོང་ཁང”གཉེར་བ་རེད།
ཉམས་མྱོང་མེད་པས་ཚང་མས་འཚོལ་ཞིབ་བྱེད་བཞིན་ལས་ཀ་བསྒྲུབས་ཤིང་། ཉོ་མཁན་གྱི་དགོས་མཁོ་མང་ལ་གྲོང་མིའི་བློ་རིག་ལྷག་པར་བཀྲ། “ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བ་ཞོའི་བག་ལེབ་ལ་དགའ་བ་དང་། ང་ཚོས་ཀྱང་བཟོ་ཤེས་ཀྱི་ཡོད”ལྷ་མོའི་ཁྱིམ་གྱི་བག་ལེབ་བསྲེགས་མ་དང་། དཔལ་དཔལ་ཁྱིམ་གྱི་ཁུར་བ། བཀྲ་ཤིས་ཁྱིམ་གྱི་འབྲི་ཞོ་བཅས་ནི་ཚང་མས་དགའ་པོ་བྱེད་པའི་ཚོང་ཟོག་ཏུ་གྱུར།
བསམ་ཡུལ་ལས་འདས་པ་ཞིག་ལ་ཚོང་ཧ་ཅང་བྲིན་ཁ་རྒྱུགས་ཤིང་། ལོ་མཇུག་ཏུ་རྩིས་རྒྱག་སྐབས་ཁེ་བཟང་སྒོར་ཁྲི་10ཙམ་བྱུང་འདུག དེ་བས་དགའ་འོས་པ་ཞིག་ལ་ཞིང་ཆེན་དང་། ཀྲོའུ། གྲོང་ཁྱེར་བཅས་ཀྱིས་དབུལ་སྐྱོར་མ་དངུལ་བཏང་ནས“ལུག་ར་སྒོ་རྩིས་ཚོང་ཁང”རིམ་སྤོར་སྒྱུར་བཀོད་བྱས། 2016ལོར་སྒོ་རྩིས་ཚོང་ཁང་གསར་པ་སྒོ་འབྱེད་སྐབས་ལོ་དེ་རང་ལ་ཁེ་བཟང་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད་པ་རེད།
རིམ་ལྔའི་ཧྲུའུ་ཅིས་དབུལ་སྒྲོལ་ལ་དམ་འཛིན་བྱེད་པར་གྲོང་ཚོའི་ཧྲུའུ་ཅི་ནི་རྨང་གཞི་ཡིན། 2017ལོར“སྣེ་ཁྲིད་མཁན”གྱིས་དཀར་མདའ་གྲོང་ཚོའི་སྣེ་ཁྲིད་དེ་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་ནས“དབུལ་པོའི་ཞྭ་མོ”རྦད་དེ་འཕུད་ཐུབ་པ་བྱུང་ཡོད།
ཐོན་ལས་ཆེན་པོ་འཕེལ་རྒྱས་ཕྱིན།
ལས་འགན་ཁུར་མ་ཐག དཀར་མདའི་ཀུན་ཕན་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་ཀྲང་ཀུན་དགའ་འཕྲིན་ལས་ཀྱིས་གྲོང་ཚོའི་ཨུ་ལྷན་གཉིས་བཙལ་ནས་གྲོང་ཚོའི་འཇོན་ཐང་ཅན་བསྐོངས་ཏེ། གྲོང་ཚོའི་ཐོན་ལས་གསར་གཏོད་འཕེལ་རྒྱས་བཏང་སྟེ་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་ཇི་ལྟར་གཏོང་བའི་ཐད་གྲོས་བསྡུར་ཚ་ཚ་འུར་འུར་བྱས་པ་རེད།
2010ལོ་ནས་བཟུང་། དཀར་མདའ་གྲོང་ཚོའི་འབྲོག་ལས་མཉམ་ལས་ཁང་བཙུགས་ཤིང་། སྲོལ་རྒྱུན་གྱི་ཕྱུགས་འཚོ་ཁོ་ནར་བརྟེན་ཚེ་འཕེལ་རྒྱས་འགྲོ་ཐབས་བྲལ།
2015ལོར་མཉམ་ལས་ཁང་སྐབས་བརྗེ་བསྐྱར་འདེམས་བྱེད་རིང་། ལོ་35ལ་སླེབས་པའི་ཀུན་དགའ་འཕྲིན་ལས་ཚང་མས་ལས་འཛིན་ཀྲང་ལ་བདམས། ཁོང་ས་ཕྱོགས་གང་སར་བསྐྱོད་མྱོང་བ་མ་ཟད། ད་དུང་ཚོང་ཁང་དང་ལས་སྣོན་ཁང་འཛུགས་མྱོང་བས་ཁྲོམ་རའི་གནས་ཚུལ་གསལ་པོ་རྟོགས་པ་མ་ཟད་ད་དུང་རྩིས་ཀྱང་ཧ་ཅང་མཁས་པོ་ཡོད།
ཀུན་དགའ་འཕྲིན་ལས་མཐར་ཐབས་ཤེས་མེད་པར་འགན་དེ་འཁུར་དགོས་བྱུང་། དེ་རྗེས་ཁོང་གིས་གྲོང་ཚོའི་ཨུ་ལྷན་གཉིས་བཙལ་ཏེ་མཉམ་ལས་ཁང་གིས་ཐོན་ལས་དང་པོ་ཁོ་ནར་བརྟེན་ཚེ་ཡོང་ཐབས་མེད་པར་ངེས་པར་དུ་ལས་སྣོན་བྱེད་དགོས། “ལུག་ར་སྒོ་རྩིས་ཚོང་ཁང”གི་ཚོང་ཟོག་བྲིན་ཁ་རྒྱུགས་རུང་འོན་ཀྱང་བཙོངས་པའི་ཅ་དངོས་ཚང་མ་སྟབས་བདེ་བ་མ་ཟད་ད་དུང་གྲངས་འབོར་ཡང་མང་པོ་མེད། དེ་ལས་ང་ཚོས་མཉམ་ལས་ཁང་དང་སྒོ་རྩིས་ཚོང་ཁང་མཉམ་གཉེར་བྱས་ཏེ་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ན་ཡག་པ་འདུག་ཅེས་བཤད།
ཁ་བཤད་བྱ་བ་འཕྲལ་དུ་རྩོམ་ཞེས་པ་ལྟར། སྡོང་རས་བཟོ་སྐྲུན་ལྟེ་གནས་གཉེར་འགོ་ཚུགས་ཤིང་། གྲོང་མི་ཚོས་རང་ཁྱིམ་དུ་སྡོང་རས་བཟོས་ན་མཉམ་ལས་ཁང་གིས་སྒོ་རྩར་ཉོ་སྒྲུབ་བྱེད་པར་ཡོང་གི་ཡོད། གྱོན་གོས་བཟོ་གྲྭར་ཡང་མི་བསྡུས་ནས“རིན་མེད་ངང་ལག་རྩལ་བསླབས་པས་བུད་མེད་ཚོས་བཟོས་པའི་བོད་ཆས་དང་ལག་ཤེས་ཐོན་རྫས་རྣམས་སྒོ་རྩིས་ཚོང་ཁང་གིས་འཚོང་རོགས་བྱེད་ཀྱི་ཡོད”གྲོང་མི་སྒྲོལ་མས་ཕྲུ་གུར་ལྟ་རྟོག་བྱེད་ཞོར་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་གསོག་གི་ཡོད།
མཉམ་ལས་ཁང་གི་མིང་ལ་ཀུན་ཕན་ཞེས་འདོགས་དོན་ནི་ཚང་མར་ཕན་པ་ཐོབ་ཆེད་ཡིན།
ཀུན་དགའ་འཕྲིན་ལས་ཀྱིས“ལོ་ཆེ་ཆུང་ལ་གཞིགས་ནས་ལས་གནས་བཀོད་སྒྲིག”བྱེད་པའི་བྱེད་ཐབས་བཏོན་ཞིང་། ལོ་50ཡན་གྱིས་སྡོང་རས་དང་འབྲེང་བ་བཟོ་བ་དང་། ལོ་30ནས་50མན་གྱིས་གྱོན་གོས་ལས་སྣོན་དང་ཞབས་ཞུ་བསྒྲུབས་པས་རྒན་རྒོན་དང་བུད་མེད་ཚང་མ་ལས་ཞུགས་ཐུབ་ནས་དངོས་འབྲེལ་ཚང་མར་ཕན་པ་ཐོབ་ཡོད་པ་རེད།
ཕྱོགས་བསྡུས་སྒོ་རྩིས་ཚོང་ཁང་དང་། གྱོན་གོས་བཟོ་གྲྭ རྩམ་པ་འཐག་ས། སྡོང་རས་བཟོ་སྐྲུན་ལྟེ་གནས། འཁྱགས་མཛོད། རྟེན་འབྲེལ་ཚོམས་ཆེན། སྤྲོ་གསེང་གྲོང་ཚོ། དྲེལ་པ་བཅས་མཉམ་ལས་ཁང་གི་ཐོན་ལས་འཁོར་འབྲེལ་སྔར་བས་སྣུར་སྲིང་ཐུབ་ཡོད། ཐོན་ལས་ཆེན་པོ་བརྒྱད་ཕན་ཚུན་སྐུལ་འདེད་དང་མཉམ་འདྲེས་འཕེལ་རྒྱས་ཕྱིན་ཡོད། དེ་དག་ནི་དཀར་མདའ་གྲོང་ཚོའི“བཀྲ་ཤིས་རྟགས་བརྒྱད”རེད་ཅེས་ཤོད་ཀྱི་ཡོད།
“དེ་སྔོན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་སྲོལ་རྒྱུན་བྱེད་སྟངས་གཅིག་པུར་བརྟེན་པ་དང་ད་ཆ་བྱེད་ཐབས་མང་པོ་མཉམ་དུ་སྤྱད་པས་མདུན་ལམ་དེ་བས་ཡངས་སུ་སོང་ཡོད”ཅེས་ཀུན་དགའ་འཕྲིན་ལས་ཀྱིས་བཤད་ཅིང་། ཁོང་གིས་མཉམ་ལས་ཁང་གིས་གྲོང་ཚོར་ལས་གནས་100ལྷག་ཙམ་མཁོ་འདོན་བྱས་ཡོད་ཅེས་བཤད།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་མཁོ་འཚོང་མཉམ་ལས་ཁང་གི་སྒོ་བྱང་བཀལ་བ་ཐོས་རྗེས་ཀུན་དགའ་འཕྲིན་ལས་ཀྱིས་འཕྲལ་དུ་གྲོང་ཚོའི་ཨུ་ལྷན་གཉིས་བཙལ་ཞིང“ང་ཚོས་མཁོ་འཚོང་ཁང་དང་མཉམ་ལས་བྱེད་དགོས”ཞེས་བཤད། ཡུན་རིང་མ་སོང་བར་དཀར་མདའ་གྲོང་ཚོས་གྲོས་མཐུན་བཞག་སྟེ་མཉམ་ལས་ཁང་ལ་ཞུགས་མཁན་གྱི་གྲོང་ཚོའི་མཉམ་སྡེབ་དང་པོར་གྱུར།
ཞིང་ཆེན་དང་། ཀྲོའུ། གྲོང་ཁྱེར་བཅས་རིམ་གསུམ་མཁོ་འཚོང་སྒྱུར་བཅོས་ཀྱི་ཆེད་དོན་མ་དངུལ་གྱི་སྐུལ་ཁྲིད་བརྒྱུད་མཁོ་འཚོང་མཉམ་ལས་ཁང་གི་བཅོས་སྐྱོང་ལམ་སྲོལ་ལ་མཐུན་རྐྱེན་སྦྱར་བས། དཀར་མདའ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་ཡུག་ཁུལ་གཅིག་ལ་སྐུལ་ཁྲིད་བྱས་པས་ཐོན་ལས་སྔར་བས་རྒྱ་སྟོབས་ཆེ་རུ་སོང་ཡོད།
མཉམ་ལས་ཁང་གི་ཡུལ་ཟོག“དཀར་མདའི་ཕིང”ལོ་གཅིག་ཁོ་ནར་རྒྱ་མ་ཁྲི་20ལྷག་ཙམ་བཙོངས་པ་དང་། “དཀར་མདའི་ཟླ་མཆོད་བག་ལེབ”ལོ་གཅིག་ཁོ་ནར་རྒྱ་མ་9000ཙམ་བཙོངས་པ། སྒོ་རྩིས་ཚོང་ཁང་གི་ལོའི་བྲིན་འཚོང་ཡོང་འབབ་སྒོར་ཁྲི་2000ལྷག་ཙམ་ཟིན་པ་བཅས་ཁེ་བཟང་སྒོར་ཁྲི་200ལྷག་ཙམ་བྱུང་བ་མ་ཟད། ད་དུང་ཚོང་ཁང་གསུམ་གྲོང་ཁྱེར་ནང་བཙུགས་ཡོད་པ་རེད།
སྐམ་པའི་ཆུ་མིག་ནས་སླར་ཡང་ཆུ་བཞུར་བ།
དཀར་མདའ་གྲོང་ཚོ་གཙང་གསུམ་ཆུ་འགོར་གནས་པ་དང་དེ་ནི་ཡུལ་ཤུལ་གྲོང་ཁྱེར་གྱི་འཐུང་ཆུའི་ཆུ་འགོ་ཡིན། གྲོང་ཚོ་ཡོངས་ཀྱི་ཆུ་མིག་ཆེ་ཆུང་300ལྷག་ཙམ་གྱི་འབབ་ཆུ་བྱ་ཆུར་འདྲེས་ནས་རྫ་ཆུའི་ཕྱོགས་སུ་བཞུར་གྱི་ཡོད།
དེ་སྔ་འབྲོག་པ་རྣམས་རྩྭ་ཆུ་བཟང་སར་གནས་སྤོ་བ་དང་ཕྱུགས་རིགས་འཚོ་དྲགས་པའི་ཁར་ས་ཡོམ་གྱི་གནོད་འཚེས་རྐྱེན་པས་ཆུ་མིག་གི་ཆུ་རིམ་བཞིན་ཞན་དུ་ཕྱིན་པ་དང་ཐ་ན་ཆུ་མིག་ཁ་ཤས་སྐམ་པར་གྱུར།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པ་ལས་གྲོང་མི་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་སོང་ཞིང་། དཀར་མདའ་གྲོང་ཚོར་འབྲོག་པའི་ཁོར་ཡུག་སྲུང་སྐྱོང་རུ་ཁག་བཙུགས་པ་དང་གྲོང་ཚོ་ཧྲིལ་པོ་ཁོར་ཡུག་སྲུང་སྐྱོང་ཚོགས་ཆུང་23ལ་བགོས་ཏེ་དྲ་མིག་ཅན་གྱི་དོ་དམ་བྱེད་པ་དང་། གྲོང་མི་གཅིག་གིས་ཆུ་མིག་གཅིག་བདག་སྐྱོང་བྱས་ཏེ་ཆུ་མིག་ཚང་མར་ཞིབ་ཕྲའི་ཡིག་ཚགས་ཡོད་པ་རེད།
གྲོང་ཚོའི་སྣེ་ཁྲིད་འོག་འབྲོག་པ་རྣམས་གཅིག་རྗེས་གཉིས་མཐུད་ངང་ཆུ་འགོ་ནས་སྤོས་པ་དང་དུད་ཚང་ཚང་མ་སྲིད་གཞུང་གིས་གཅིག་གྱུར་བསྐྲུན་པའི་སྡོད་ཁང་དུ་སྡོད་རྒྱུ་བྱུང་སྟེ། རྩྭ་ཐང་སྤྱོད་མཁན་ནས་སྐྱེ་ཁམས་སྲུང་སྐྱོང་བར་གྱུར་ཡོད།
ཉིན་ལྟར་རི་སྐོར་བརྒྱབ་ནས་གད་སྙིགས་སྒྲུག་པ་དང་། ཆུ་ལམ་གཙང་བཟོ་བྱེད་པ། ཆུ་མིག་སྲུང་བ་བཅས་བྱས་པས་སྐམ་པའི་ཆུ་མིག་ནས་རིམ་བཞིན་ཆུ་བཞུར་བ་རེད།
དཀར་མདའ་གྲོང་ཚོའི་ད་ལྟའི་ཀྲི་པུའུ་ཧྲུའུ་ཅི་ཁྱུང་ཚེ་རིང་གིས“དཀར་མདའི་ཆུ་ཐིགས་རེ་རེ་མེས་རྒྱལ་གྱི་གཙང་པོ་ཆེན་པོ་དང་ཆུ་བོ་ཆེན་པོར་འབྲེལ་ཡོད། ང་ཚོས་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཆུད་ཟོས་སུ་གཏོང་གི་མེད”ཅེས་བཤད།
སྐྱེ་ཁམས་ལེགས་སུ་ཕྱིན་པ་དང་སྦྲགས་ཡུལ་སྐོར་བ་མང་དུ་སོང་ཞིང་། 2020ལོར་དཀར་མདའ་གྲོང་ཚོའི“དྲེལ་པའི་རུ་ཁག”གཉེར་མ་ཐག་ལོ་དེར་ཡུལ་སྐོར་བ་མི་ཐེངས་ཆིག་སྟོང་ལྷག་ཙམ་ལ་སྣེ་ལེན་ཞུས་ཏེ་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་28བྱུང་ཡོད། ད་ཆ་གྲོང་ཚོ་ཡོངས་ཀྱི་གྲོང་མི་50ལྷག་ཙམ་ཡུལ་སྐོར་ཁྲོད་ཡོང་འབབ་གསོག་ཐུབ་པ་དང་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཆིག་ཁྲི་ལྷག་ཙམ་ཟིན་གྱི་ཡོད”ཅེས་བརྗོད།
ཏང་གི་རྗེས་སུ་འབྲངས་ནས་མཉམ་དུ་འབད་འཐབ་བྱེད། “རྩྭ་ཆུ་བཟང་སར་གནས་སྤོ་བ”ནས“སྐྱེ་ཁམས་སྲུང་སྐྱོང་བྱེད་པའི”བར་དང“ལྟོ་གོས་འཕྱིད་ཐབས”ནས“བདེ་སྐྱིད་དོན་གཉེར”བར་སྐྱིད་པའི་འཚོ་བར་རོལ།
“དེ་སྔ་སྲུང་སྐྱོང་དང་འཕེལ་རྒྱས་སྐོར་གླེང་སྐབས་ཚང་མས་སྣང་འཇོག་བྱེད་ཀྱི་མེད། ད་ཆ་སྐྱེ་ཁམས་སྲུང་སྐྱོང་བ་ནི་ཁེ་སྤོགས་མཉམ་སྤྱོད་བ་རེད། ད་ཆའི་དཀར་མདའ་གྲོང་ཚོས་སྲུང་སྐྱོང་དང་འཕེལ་རྒྱས་གལ་ཆེ་མཉམ་དུ་འཛིན་གྱི་ཡོད”ཅེས་ཁྱུང་ཚེ་རིང་གིས་བརྗོད།
དུས་ཆེན་དང་ངལ་གསོའི་སྐབས་སུ། གྲོང་ཁྱེར་ནང་གི་དགེ་རྒན་གྱིས་ཕྲུ་གུ་ཚོ་ཁྲིད་དེ་སྤྲོ་གསེང་གཏོང་བར་ཡོང་གི་ཡོད། ཡུལ་ཤུལ་གྲོང་ཁྱེར་མི་རིགས་ཆ་ཚང་སློབ་ཆུང་ལྔ་པའི་ཕྲུ་གུ་ཚོས་རྩྭ་ཐང་དུ་གད་སྙིགས་སྒྲུག་པ་དང་འབྲོག་པས་བརྗོད་པའི་ཆུ་མིག་སྲུང་བའི་གཏམ་རྒྱུད་ཉན་གྱི་ཡོད།
དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཐུབ་པ་དང་། ད་ལོ་ནི་ལོ་5ཡི་བར་བརྒལ་དུས་སྐབས་ཀྱི་མཐའ་མཇུག་གི་ལོ་དེ་རེད།
“རི་སྔོན་ཆུ་དྭངས་ཀྱི་འགག་རྩ་ནི་ཁོར་ཡུག་སྲུང་སྐྱོང་ལ་རག་ལུས་ཡོད”ཅེས་ཁྱུང་ཚེ་རིང་གིས་བརྗོད།
“ལོ་ལྔ་ཚན་བཅོ་ལྔ་པར”རྒྱང་ལྟ་བྱེད་སྐབས་དཀར་མདའ་གྲོང་ཚོའི་གྲོང་མི་ཚོར་རེ་སྒུག་དང་གདེང་ཚོད་ཀྱིས་ཁེངས་ཤིང་། ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཚང་མའི་སྣེ་ཁྲིད་དེ་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གང་ལེགས་གཞོལ་བཞིན་ཡོད་པས། དཀར་མདའི་གཏམ་བཟང་གསར་པ་ཇེ་མང་དུ་འགྲོ་བ་དང་འཚོ་བ་ཇེ་སྐྱིད་དུ་འགྲོ་ངེས་རེད།
འབྲེལ་ཡོད་གསར་འགྱུར།