རྣམ་གྲངས་ཆུང་གྲས་ཀྱིས་དམངས་འཚོ་ཆེན་པོར་འདེགས་སྐྱོར་བྱེད། ཉམས་འགྱུར་གསར་པས་གསོན་ཤུགས་གསར་པ་འཕེལ་བར་བྱེད།
གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་རིན་ཆེན་རྩེ་ཤང་ལྷུན་གྲུབ་རྩེ་གྲོང་ཚོའི་མཐོང་ཐོས།
ཞོགས་པའི་ཉི་གཞོན་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་རིན་ཆེན་རྩེ་ཤང་ལྷུན་གྲུབ་རྩེ་གྲོང་ཚོར་འཕྲོ་སྐབས་ལས་མཇུག་འགྲིལ་མ་ཐག་པའི་གྲོང་ཚོ་ཨུ་ལྷན་གྱི་ཐང་ཆེན་དུ་གྲོང་མི་ཚོས་གྲལ་འགྲིག་པོས་རྒྱལ་དར་སྟེགས་བུ་གསར་པར་ལྟ་བཞིན་ཡོད། བརྗིད་རྔམ་ལྡན་པའི་རྒྱལ་གླུ་གྲགས་པ་དང་བསྟུན་ནས་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ཏེ་རྣམ་པ་གསར་རྐྱང་གི་ས་ཆ་དེར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། གྲོང་ཚོ་ཨུ་ལྷན་གྱི་ཐང་ཆེན་མཛེས་སྡུག་ལྡན་པར་གྱུར་སྟབས་འཆར་ཅན་གྱི་རེས་གཟའ་ཟླ་བའི་རྒྱལ་དར་སྒྲེང་བའི་མཛད་སྒོར་མང་ཚོགས་ཚོའི་རྒྱལ་གཅེས་ཀྱི་བརྩེ་སེམས་ལྷག་པར་འཕེལ།
རྣམ་པ་དེ་ནི་ལྷུན་གྲུབ་རྩེ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པས“ཆུང་ལ་མཛེས་པའི”ལེགས་འགྱུར་རིམ་སྤོར་རྣམ་གྲངས་ལ་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་སྔར་བས་དམ་འཛིན་ཡག་པོ་བྱས་ནས“ཆུང་ལ་མཛེས་པའི”རྣམ་གྲངས་ལག་བསྟར་བྱ་ཆེད། ལྷུན་གྲུབ་རྩེ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ལས་དོན་རུ་ཁག་ཁག་བཅུ་བཞི་པས་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་16.4བཏང་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་དང་། སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། གྲོང་ཚོའི་སྤྱི་ཡོངས་ཀྱི་བཀོད་པ་ལེགས་སུ་གཏོང་བ་བཅས་བྱས་ཡོད། མིག་སྔར་རྣམ་གྲངས་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་བ་དང་ཆབས་ཅིག་བེད་སྤྱོད་གཏོང་འགོ་ཚུགས་ཡོད་པ་རེད།
ལྷུན་གྲུབ་རྩེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབང་རྒྱལ་གྱིས་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོར་དཀའ་གནད་གསུམ་ཐག་གཅོད་བྱས་པ་སྟེ། ཆུ་འབུད་ལས་གྲྭར་བརྟེན་ནས“འགྲོ་ལམ་བདེ་འཇགས”ཀྱི་དམངས་འཚོར་ཕན་བཏགས་ཤིང་། དེ་སྔ་ལྷུན་གྲུབ་རྩེ་གྲོང་ཚོ་ནས་ཞལ་གཟིགས་དགོན་པར་སྐྱོད་སའི་ལམ་དུམ་བུར་ཆུ་འབུད་སྒྲིག་བཀོད་ཡག་པོ་མེད་པས་ཆར་དུས་སླེབས་རིམ་བཞིན་བྱེ་འདམ་གྱིས་ལམ་ངོས་བསྣུབས་ཏེ་མི་དང་རླངས་འཁོར་གྱི་བདེ་འཇགས་ལ་གནོད་འཚེ་གཏོང་གི་ཡོད། གནད་དོན་དེ་ཐག་གཅོད་བྱ་ཆེད། ཞལ་གཟིགས་དགོན་པའི་ལམ་མདོར་ཆུ་འབུད་མ་ལག་བསྐྲུན་ཏེ་ཆུ་ཡུར་དང་ཆུ་འགྲོའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ཡོད། ཐང་ཆེན་སྒྱུར་བཀོད་ལ་བརྟེན་ནས“གཞི་རིམ་གཡུལ་སའི”ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ཐང་ཆེན་སྤྱི་ཡོངས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། གྱང་ངོས་མཛེས་པོ་བཟོ་བ། ཚད་ལྡན་ཅན་གྱི་ཏང་འཛུགས་སྐྱོང་གི་དྲིལ་བསྒྲགས་སྒྲོམ་སྟེགས་དང་གྲོང་དོན་སྤྱི་བསྒྲགས་སྒྲོམ་སྟེགས་སྒྲིག་སྦྱོར་བྱས་པ་དང་ཆབས་ཅིག་ཚད་ལྡན་ཅན་གྱི་རྒྱལ་དར་སྟེགས་བུ་བསྐྲུན་ཡོད། ཁོར་ཡུག་བཅོས་སྐྱོང་ལ་བརྟེན་ནས“མཛེས་མཐུན་གྲོང་གསེབ”ཀྱི་སྤྱི་ཡོངས་ཀྱི་བཀོད་པ་ལེགས་སུ་བཏང་བ་དང་གྲོང་ཚོ་རིམ་པའི“ཁྲུས་ཁང་ཆུང་ངུའི”སིམ་འཛག་རྣམ་པའི་ཆུ་འབུད་མ་ལག་ལེ་ལག་ཚང་པོས་བསྐྲུན་པ་དང་། དེ་མཚུངས་ཀྱི་བཙོག་འབུད་མདོང་དྲ་འཐུས་སྒོ་ཚང་དུ་བཏང་སྟེ་ལྷུན་གྲུབ་རྩེ་གྲོང་ཚོ“ཁོར་ཡུག་མཛེས་པ་དང་གནས་འཕྲོད་ལས་འཚམ”གྱི་མཛེས་མཐུན་གྲོང་གསེབ་ཀྱི་དམིགས་ཚད་ཕྱོགས་སུ་བསྐྱོད་པར་གོམ་སྟབས་བརྟན་པོ་སྤོ་རྒྱུར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།