དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁྲོམ་གཞུང་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ཁུལ་ནས་དྲོ་སྐྱིད་ཆེན་པོ་ཚོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-10

    “སྔོན་ཆད་སྡེ་ཁུལ་དུ་དོན་དག་སྒྲུབ་པར་ཡོང་སྐབས་ལག་ཐོགས་ཁ་པར་གྱི་གློག་རྫོགས་ན་དངངས་འཚབ་ཆེན་པོ་སྐྱེ་གི་ཡོད། གལ་ཏེ་ཆར་པ་བབས་ཚེ་ཆར་གདུགས་འཁྱེར་མེད་ན་དེ་བས་སྟབས་བདེ་པོ་མེད། ད་ཆ་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ཁུལ་དུ་ཚང་མ་གྲ་སྒྲིག་བྱས་འདུག་པས་དངོས་གནས་ཡག་པོ་འདུག”ཅེས་པའི་སྡེ་ཁུལ་གྱི་གྲོང་མི་ཚེ་རིང་སྒྲོལ་མའི་སྐད་ཆ་ལས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁྲོམ་གཞུང་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ཁུལ་གྱིས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་གསལ་བཤད་བྱེད་ཐུབ།

    ཉེ་ཆར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁྲོམ་གཞུང་སྣེ་གདོང་སྡེ་ཁུལ་དང་སྲས་ཁང་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་རྒྱ་ཁྱོན་ཆུང་ཡང་ནུས་པ་ཆ་ཚང་བའི“དམངས་ཕན་ཞབས་ཞུའི་ཁུལ”གཉིས་ནི་གྲོང་མིའི་སེམས་ནང་གི“དྲོ་སྐྱིད་ལྡན་པའི་མཚོན་རྟགས”སུ་གྱུར་ཡོད། སྨི་ངོས་གྲུ་10ཡང་མེད་པའི་ས་ཆར་འཐུང་ཆུ་དང་། འཕྲལ་སྡོམ་སྨན་སྒམ། གློག་གསོག་སྒྲིག་ཆས། ཆར་གདུགས། ཁབ་སྐུད་ཁུག་མ་སོགས་དམངས་ཕན་དངོས་ཟོག་གང་དགོས་ཚང་མ་ཡོད་པས། མངོན་གསལ་དེ་ཙམ་མེད་པའི་ཁུག་ཀྱོག་དེ་སྡེ་ཁུལ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“གཡུལ་ས་ཆུང་ངུར”གྱུར་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་གཞི་རིམ་བཅོས་སྐྱོང་བྱེད་པར་དེ་བས་དྲོ་སྐྱིད་ལྡན་པ་ཞིག་ཡོད།

    དེའི་ནང་སྲས་ཁང་སྡེ་ཁུལ་གྱི“དམངས་ཕན་ཞབས་ཞུའི་ཁུལ”གྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་པོ་ཡོད་ཅིང་། རྒྱ་བོད་སྐད་གཉིས་ཀྱི་སྲིད་ཇུས་དྲིལ་བསྒྲགས་ལེ་ཚན་དང་ལས་ཞུགས་ཆ་འཕྲིན་སྐར་ཁུང་བཙུགས་ནས་མང་ཚོགས་ལ་དམངས་ཕན་སྲིད་ཇུས་དང་། ལས་ཞུགས་ཀྱི་ལས་གནས། དམངས་ཕན་ཞབས་ཞུ་བཅས་དུས་མཉམ་དུ་སྒྲུབ་ཐུབ་ཀྱི་ཡོད། ཏང་ཡོན་གྱི་རེས་སྐོར་སྡོད་བྱ་དང་། དྲ་མིག་པས་བབ་བསྟུན་རྗེས་སྙེག སྡེ་ཁུལ་དུ་བཅའ་སྡོད་སྡེ་ཚན་གྱིས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི“ཏང་འཛུགས་སྐྱོང་དང་། དྲ་མིག མཉམ་སྐྲུན”བཅས་ཀྱི་མཉམ་འགུལ་ལམ་སྲོལ་ལས་ཞབས་ཞུའི་ཁུལ་དངོས་སུ་བེད་སྤྱོད་ཡག་པོ་ཐུབ་ཀྱི་ཡོད། དེས་མ་ཟད། ཏང་ཡོན་གྱིས་ད་དུང་སྣེ་ཁྲིད་ནས་དངོས་ཟོག་སྲུང་སྐྱོང་དང་། དོགས་གཞིར་ལན་འདེབས་པ། དྲ་མིག་པས་གྲོང་མིའི་དགོས་མཁོ་བསྡུ་རུབ་དང་ཞབས་ཞུའི་ནང་དོན་ལེགས་སུ་གཏོང་བ། སྡེ་ཁུལ་དུ་བཅའ་སྡོད་ཚན་པས་དངོས་ཟོག་ཁ་གསབ་དང་ནུས་པ་རྒྱ་སྐྱེད་བཏང་སྟེ་སྣ་མང་མཉམ་ལས་བྱས་ནས་གཡུལ་ས་ཆུང་ཆུང་དེ་ལས་ནུས་པ་ཆེན་པོ་ཐོན་པར་བྱས་པ་རེད།

    “ང་ཚོས་ཁུལ་ཆུང་དེ་བརྒྱུད་ནས་གྲོང་མིར་རང་ཁྱིམ་ལྟར་གྱི་དྲོ་སྐྱིད་ཚོར་ཐུབ་པར་བྱས་ཏེ‘དམངས་ཀྱི་དགོས་མཁོ་ངས་སྐོང་རྒྱུ’དོན་ཐོག་ཏུ་འཁྱོལ་བར་བྱེད་འདོད་ཡོད”ཅེས་སྲས་ཁང་སྡེ་ཁུལ་གྱི་ཏང་ཀྲི་པུའི་འབྲེལ་ཡོད་འགན་འཁུར་བས་བཤད་ཅིང་། ད་ཆ་དེ་གར་ནི་ངལ་གསོ་བ་དང་གློག་གསོག་པའི་དམངས་ཕན་ཁུལ་ཙམ་མ་ཡིན་པར། གྲོང་མིས་སེམས་གཏམ་ཤོད་རེས་བྱེད་ས་དང་སྲིད་ཇུས་བློ་འདྲི་བྱེད་སའི“གཅེས་སེམས་ས་ཚིགས”སུ་གྱུར་ཡོད་ལ། སྙིང་ཉེ་བའི་ཞབས་ཞུ་རེ་རེའི་ཁྲོད་ནས་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།