གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་བློ་མཛོད་གླེང་མོལ་ཚོགས་འདུ་སྐབས་གསུམ་པས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་འབྲེལ་རང་སྟོབས་ལ་དོ་སྣང་བྱེད་པ།
ཞི་བདེ་དང་། བདེ་འཇགས། དར་རྒྱས། རྒྱུན་མཐུད་ཆོག་པ་བཅས་ཀྱི་འབྱུང་འགྱུར་མཉམ་དུ་གཏོད་པ།

འདི་ནི་ཟླ་12ཚེས་3ཉིན་གོ་ལ་ཧྲིལ་པོའི་བློ་མཛོད་གླེང་མོལ་ཚོགས་འདུ་སྐབས་གསུམ་པར་ཞུགས་མཁན་ཕྱི་ཕྱོགས་ཀྱི་འཐུས་མིས་ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཆུས་ཧོང་ཆའོ་ཁྲོམ་གཞུང་ཀུའུ་པེ་གྲོང་མི་ལྟེ་གནས་ཀྱི་ལས་དོན་པ་དང་སྤེལ་རེས་བྱེད་བཞིན་པ།
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་། ཀྲུང་གུང་ཧྲང་ཧའེ་གྲོང་ཨུད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་བློ་མཛོད་མཉམ་ལས་མནའ་འབྲེལ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་བློ་མཛོད་གླེང་མོལ་ཚོགས་འདུ་སྐབས་གསུམ་པ་ཧྲང་ཧའེ་རུ་འཚོགས་ཤིང་། སྐབས་འདིའི་གླེང་མོལ་ཚོགས་འདུས“མཉམ་འབྲེལ་རང་སྟོབས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་འགན་འཁྲི་དང་བྱ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། རྒྱལ་ཁབ་120ལྷག་ཙམ་ནས་ཡོང་བའི་སྲིད་ཏང་གི་འགོ་ཁྲིད་པ་དང་བློ་མཛོད་མཁས་དབང་སོགས་འཐུས་མི་350ཙམ་ཚོགས་འདུར་ཞུགས་ཏེ། རང་ཚུགས་རང་བདག་གི་དེང་རབས་ཅན་གྱི་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། ལྷོ་ལྷོ་མཉམ་ལས་ཟབ་ཏུ་གཏོང་བ། ལྷོ་བྱང་དབར་གླེང་མོལ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གྲོས་གཞིར་དམིགས་ནས་དཔྱད་བསྡུར་གཏིང་ཟབ་བྱས་པ་རེད།
“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དེ་བས་མང་བའི་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་འགྲོ་བར་རམ་འདེགས་བྱེད་པ”
ཀྲུང་གུང་ཚོགས་ཆེན་དང་པོ་འཚོག་ཡུལ་ནས་ཀུའུ་པེ་གྲོང་མིའི་ལྟེ་གནས་བར་དང་། མི་དབྱིབས་འཕྲུལ་མི་གསར་གཏོད་འཕྲུལ་ཆས་ནས་མི་ཐབས་རིག་ནུས་ཀྱི་ཁེ་ལས་སྤྱི་ཁྱབ་པུའུ་བར། ཟླ་12ཚེས་3ཉིན་གྱི་ཕྱི་དྲོར། ཚོགས་ཞུགས་ཕྱི་རྒྱལ་གྱི་འཐུས་མི་100ལྷག་ཙམ་གྱིས་དྲན་གསོ་ཁང་དང་། གཞི་རིམ་དང་སྡེ་ཁུལ། ཚན་རྩལ་གཡུལ་ས་མདུན་མ་བཅས་སུ་བསྐྱོད་དེ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཤེས་རྟོགས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གསོན་ཉམས་དོད་པའི་ལག་ལེན་ཉམས་ལེན་བྱས་པ་རེད།
ཀྲུང་གུང་ཚོགས་ཆེན་དང་པོ་འཚོག་ཡུལ་གྱི་དྲན་གསོ་ཁང་དུ་ནི་ཀྲེར་རྒྱལ་ཁབ་ཀྱི་འཐབ་ཇུས་དང་བདེ་འཇགས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་མཱ་ཧ་མཱ་ཏུའུ·པ་ཁོའོ་ཡིས་ལག་ཐོགས་ཁ་པར་ནས་པར་མང་པོ་བརྒྱབ་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་འོག་ཏུ་དྲན་རྟེན་པར་ཡང་བརྒྱབ་ཅིང་། ཁོང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་རང་ཚུགས་རང་བདག་གི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་ཡོད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཁག་འདི་གར་མཉམ་འཛོམས་ཀྱིས་གླེང་མོལ་བྱས་ཏེ་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དང་ཆབ་སྲིད་ཀྱི་བློ་གྲོས་ཤེས་རྟོགས་བྱས་པ་དེས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་དེ་བས་མང་བའི་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་སོང་ནས་དར་རྒྱས་གོང་འཕེལ་ཡོང་ངེས་རེད”ཅེས་བརྗོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཟུར་པ་ཨའེ་ལི་ཁེ·སོར་ཧའེ་མུའུ་ཡིས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱིས་རང་གི་རྒྱལ་བབ་དང་། ལོ་རྒྱུས། རིག་གནས་སྲོལ་རྒྱུན་བཅས་ལ་གཞིགས་ནས་དེང་རབས་ཅན་གྱི་འགྲོ་ལམ་རང་བདག་ངང་གདམ་ག་བྱེད་ཆོག་པ་ཀྲུང་གོས་འཛམ་གླིང་ཡོངས་ལ་ར་སྤྲོད་བྱས་ཡོད། ཀྲུང་གོའི་གྲུབ་འབྲས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དེ་བས་མང་བར་རང་བདག་འཕེལ་རྒྱས་ཀྱི་ཉམས་མྱོང་དང་ཡིད་ཆེས་སྦྱིན་ཡོད”ཅེས་བརྗོད་པ་རེད།
“གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིས་ལྷོ་ལྷོ་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བར་ཕན་ཐོགས་པ”
ཉེ་བའི་ལོ་ཤས་རིང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཟིལ་ཤུགས་ཆེ་རུ་སོང་ཞིང་། དཔལ་འབྱོར་བསྡོམས་འབོར་གྱིས་གོ་ལ་ཧྲིལ་པོའི་བསྡུར་ཚད་ཀྱི་40%ལྷག་ཙམ་བཟུང་བ་དང་འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་80%ཟིན་ཏེ། རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་བྱེད་པ་དང་། འཛམ་གླིང་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་འགག་རྩའི་སྟོབས་ཤུགས་སུ་གྱུར་ཡོད། དེ་བས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་ནི་ཚོགས་ཞུགས་འཐུས་མི་ཚོའི་ཐུན་མོང་གི་འབོད་སྒྲ་རེད།
“གྲོལ་མ་ཐག་པའི་པེ་ལུན་གནམ་གཤིས་དབུ་ཚོགས་ལ་པར་ཙིར་གྱིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དང་མཉམ་དུ‘ཐཱན་འབུད་དབང་ཆ་ཉོ་ཚོང་ཁྲོམ་རའི་སྒོ་དབྱེའི་མནའ་འབྲེལ’བཙུགས་ནས་ཐཱན་ཁྲོམ་རའི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གྲོས་འགོ་བཏོན་པ་དེ་ནི་ཕྱོགས་མང་པོའི་མཉམ་ལས་ལ་བརྟེན་ནས་དེ་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་ཚོད་ལྟ་ཞིག་རེད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ངེས་པར་དུ་ལག་གདང་སྦྲེལ་ནས་ཕྱོགས་མང་རིང་ལུགས་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་ལག་ལེན་བསྟར་དགོས”ཞེས་པར་ཙིར་ཝ་ཅ་སི་ཐེབས་རྩ་ལྷན་ཚོགས་ཀྱི་སྤྱི་པའི་སྲིད་ཇུས་དང་སྲིད་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་སར་ཅི་ཨའོ·ཀེ་ཏེ་པའོ་མུའུ་ཡིས་བརྗོད་པ་རེད།
“ཀྲུང་གོས་ལྷག་བསམ་རྣམ་དག་ངང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དང་མཉམ་དུ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་བ”
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ནང“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱིས་མཉམ་འབྲེལ་ཐོག་རང་སྟོབས་ལ་རྒྱབ་སྐྱོར་དང་། ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བཅས་བྱེད་པ”བཏོན་པ་ལས་ཀྲུང་གོས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དང་མཉམ་དུ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པར་མུ་མཐུད་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་ཡོད། གླེང་མོལ་ཚོགས་འདུའི་རིང་གཙོ་གཉེར་ཕྱོགས་ཀྱིས་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་འཚོགས་ནས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་འཆད་འགྲེལ་བྱས་ཡོད། ཚོགས་ཞུགས་འཐུས་མིས་ཀྲུང་གོ་ནི་ལྷོ་ལྷོ་མཉམ་ལས་ཀྱི“དངོས་སྒྲུབ་པ”དང“བྱ་སྤྱོད་སྤེལ་མཁན”ཞིག་ཡིན་པ་དང་།“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོར་བཀོད་པའི་འཆར་གཞིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ“དགེ་མཚན་ལྡན་པའི་བློ་སྒོ་དང་མཉམ་ལས་ཀྱི་གོ་སྐབས”མཁོ་འདོན་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
བྷེ་ཨུ་རུ་སུའི་འཐབ་ཇུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཨའོ་ལེ་ཀེ·མཱ་ཁ་ལུའོ་ཧྥུའུ་ཡིས“ཀྲུང་གོས་ལྷག་བསམ་རྣམ་དག་ངང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དང་མཉམ་དུ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡོད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་རིག་གནས་སློབ་གསོ་ནས་ཚན་རྩལ་གསར་གཏོད་བར་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ཚང་མར་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་སློབ་སྦྱོང་བྱེད་རིན་འདུག གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་བློ་མཛོད་མཉམ་ལས་མནའ་འབྲེལ་གྱི་སྤེལ་རེས་ལས་སྟེགས་དེས་ཀྱང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ཆེད་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་བློ་གྲོས་ལེགས་སྐྱེས་འབུལ་བཞིན་ཡོད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།