དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 《མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

    མཚོ་སྔོན་གྱིས་ཕྱི་རོལ་དུ་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་དང་པར་རྒྱག་སྐབས་དེ་དག་དཀྲོག་མི་ཆོག་པའི་གཏན་འབེབས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-09

    མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག《མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། 《སྲོལ་ཡིག》ནང་ཁྱོན་དོན་ཚན་ཉེར་བཞི་ཡོད་པ་དེ་དག་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་། རི་སྐྱེས་སྲོག་ཆགས་འབབ་སྡོད་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་གསོ། རི་སྐྱེས་སྲོག་ཆགས་བསྡུ་ཉར། རི་སྐྱེས་སྲོག་ཆགས་མི་ཐབས་ཀྱི་གསོ་སྤེལ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས་དང་འགལ་བའི་བྱེད་སྤྱོད་ལ་ཆད་གཅོད་སོགས་དང་འབྲེལ་བ་ཡོད་པ་དང་། 《སྲོལ་ཡིག》འདི་2026ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

    མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ལ་བརྟེན་ནས་གསའ་སོགས་ས་མཐོའི་རྩ་ཆེའི་སྲོག་ཆགས་མང་པོར་འབབ་སྡོད་བྱ་ཡུལ་མཁོ་འདོན་བྱས་ཤིང་། དེ་ནི་ས་མཐོའི་སྐྱེ་ཁམས་འཚོལ་ཞིབ་དང་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་དང་པར་རྒྱག་ཡུལ་ཡག་ཤོས་དེ་ཡིན། དེས་ན《སྲོལ་ཡིག》ནང་ཕྱི་རོལ་དུ་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་དང་པར་རྒྱག་སྐབས་དེ་དག་དཀྲོག་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་པ་དང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་གཉེར་སྡེ་ཚན་གྱིས་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་བྱེད་དགོས་པའི་བཀའ་བཏང་ཁར་དྲན་སྐུལ་ཐ་ཚིག་ཀྱང་སྒྲོག་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་དངུལ་ཆད་སྒོར་ཆིག་སྟོང་ནས་ལྔ་སྟོང་མན་གཅོད་རྒྱུ་རེད།

    རི་སྐྱེས་སྲོག་ཆགས་དང་འབབ་སྡོད་བྱ་ཡུལ་སྲུང་སྐྱོང་ལ་དམིགས་ནས། 《སྲོལ་ཡིག》ནང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་གཉེར་སྡེ་ཚན་གྱིས་སྐྱེ་དངོས་ལག་རྩལ་དང་། ལས་གྲྭའི་ལག་རྩལ། ལྟ་ཞིབ་ཚད་ལེན། སྲུང་སྐྱོང་མཚོན་རྟགས་བསྒར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གསའ་དང་། གཙོད། དགོ་དམར། འབྲོང་། ཁྲུང་ཁྲུང་སྐེ་ནག ཡུལ་དེ་རང་གི་ཉ་སལ་མོན་སོགས་རི་སྐྱེས་སྲོག་ཆགས་དང་དེ་བཞིན་དེའི་འབབ་སྡོད་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རི་སྐྱེས་སྲོག་ཆགས་འབབ་སྡོད་ཁུལ་གྱི་གཞུང་ལམ་དུམ་བུར་བདེ་འཇགས་དང་ཉེན་བརྡའི་མཚོན་རྟགས་བསྒར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རི་སྐྱེས་སྲོག་ཆགས་ཤི་རྨས་ཀྱི་ཉེན་ཁར་སྔོན་འགོག་དང་ཆུང་དུ་གཏོང་དགོས་པའི་གཏན་འབེབས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།