མངའ་རིས་ས་ཁུལ་གྱིས།
བློ་རིག་ལ་བརྟེན་ཏེ་བཟའ་བཅའི་བདེ་འཇགས་ལྟ་འདོམས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།
ད་ལོ་ཚུན། མངའ་རིས་ས་ཁུལ་གྱིས་བློ་རིག་ལ་བརྟེན་པ་དང་། ཆེད་དོན་བཅོས་སྒྲིག མཐུན་སྦྱོར་མཉམ་བཅོས་བཅས་ལ་དམ་འཛིན་བྱས་ཏེ། བཟའ་བཅའི་བདེ་འཇགས་ལྟ་འདོམས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་བཟའ་བཅའི་བདེ་འཇགས་ཀྱི་འགོག་རགས་དྲ་བ་དམ་དུ་བཏང་ནས་མང་ཚོགས་ཀྱི་ལྕེ་ཐོག་གི་བདེ་འཇགས་ནུས་ཤུགས་ཡོད་རྒུས་བསྲུངས་ཡོད།
མངའ་རིས་ས་ཁུལ་གྱིས་བློ་རིག་ལྟ་འདོམས་ཀྱི་ཉེར་སྤྱོད་རྒྱུན་མཐུད་མང་དུ་བཏང་ཞིང་། མ་དངུལ་སྒོར་ཁྲི་68བཏང་སྟེ་སློབ་གྲྭའི་ཟ་ཁང་དང་གཅིག་སྡུད་ཟ་མ་ཟ་ཡུལ་ཚན་པར་AIཡི་པར་ཆས་256བསྒར་ནས་ཁ་རས་ཡག་པོ་མི་བརྒྱབ་པ་དང་བཟའ་བཅའ་རྗེན་པ་དང་བཙོས་མའི་ཨན་པན་མཉམ་སྤྱོད་བྱས་པ་སོགས་ཀྱི་སྒྲིག་འགལ་བྱེད་སྤྱོད་རང་འགུལ་ངང་བཏོན་ནས་དྲན་སྐུལ་བྱེད་པ་དང་། འཁྱགས་སྒམ་གྱི་དྲོད་ཚད་ཚད་ལས་བརྒལ་བ་དང་སྣོད་ཆས་དུག་སེལ་ཡག་པོ་མ་བྱུང་བ་སོགས་ཀྱི་གནད་དོན་ཐོན་ཚེ་རང་འགུལ་ངང་ཉེན་བརྡ་བཏང་བ་དང་ཆབས་ཅིག་དག་ཐེར་གསལ་ཐོ་བཟོས་པ། མ་དངུལ་སྒོར་ཁྲི་120བཏང་ནས་བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་མྱུར་བཤེར་ཁང་བཙུགས་ནས། ཁག་ཐེངས་1800ལྷག་ཙམ་གྱི་ཞིང་ལས་ཐོན་རྫས་ལ་མྱུར་བཤེར་བྱས་ནས་ཚད་ལོན་ཚད་100%ཟིན་པ། བཟའ་བཅའི་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་120ལ“བློ་རིག་བཟའ་བཅའི་བདེ་འཇགས”ཀྱི་ལས་སྟེགས་ཐོ་འགོད་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སློབ་གྲྭའི་ཟ་ཁང་དང་བཟའ་འཐུང་གཉེར་སྐྱོང་ཚན་པའི“ཐབ་ཚང་ཕྱི་གསལ་ནང་གསལ”ཡོངས་ཁྱབ་བྱུང་ནས། ཚན་རྩལ་བྱ་ཐབས་ལ་བརྟེན་ཏེ་ལྟ་འདོམས་ཀྱི་གནད་སྨིན་ཡོང་ཚད་དང་ཕན་ནུས་ཆེ་རུ་བཏང་ཡོད།
བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་སོགས་ཀྱི་མཚམས་ཚིགས་གལ་ཆེན་ལ་དམིགས་ནས། འབྲེལ་ཡོད་ཚན་པས་གྲོང་གསེབ་ཀྱི་རྫུན་ལྷད་ཞན་གསུམ་གྱི་བཟའ་བཅར་ཆེད་དོན་བཅོས་སྒྲིག་བྱས་ཏེ། རིམ་རྩིས་བརྒྱབ་ན་བཟའ་བཅའི་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་975ལ་ཞིབ་བཤེར་བྱས་པ་དང་། ཁྲིམས་འགལ་གྱི་དོགས་གཞི་ཡོད་པའི་ཁུངས་སྣེ་ཁག་50གྲལ་བཤེར་ཐག་གཅོད་བྱས་པ། རྫུན་ལྷད་ཞན་གསུམ་གྱི་བཟའ་བཅའ་སྤྱི་རྒྱ་47གཞུང་བཞེས་བཏང་བ། ཁྲིམས་འགལ་གྱོད་གཞི་ཁག་5གྱོད་དོན་ཐོ་འགོད་བྱས་པ། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་དམིགས་ནས་ཆེད་དོན་ཞིབ་བཤེར་བྱས་ཏེ་སློབ་གྲྭའི་ཟ་ཁང་དང་དེ་བཞིན་ཉེ་འཁོར་གྱི་གཉེར་སྐྱོང་བྱེད་པོ་600ལྷག་ཙམ་ལ་ཁྱབ་པ་དང་། མངོན་མེད་རྐྱེན་ངན་79དག་ཐེར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ས་ཁུལ་ཡོངས་ཀྱི་བཟའ་བཅའི་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་4619ཡིས་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་འདོམས་མངོན་འགྱུར་བྱུང་སྟེ། བཟའ་བཅའི་བདེ་འཇགས་པ་བཀོད་སྒྲིག་དང་དེ་བཞིན་འགན་འཁྲི་གཙང་ལེན་གྱི་ལྟ་འདོམས་རྦད་དེ་ཁྱབ་ནས་འགག་རྩའི་ལྷུ་ཚིགས་ཀྱི་སྔོན་འགོག་ཚོད་འཛིན་དང་འགོག་རགས་སྔར་བས་བརྟན་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།