གྲོ་མོ་རྫོང་ཤར་གསིང་མ་སྡེ་ཁུལ་གྱི་དང་བླངས་པ་304སྡེ་ཁུལ་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་པ།
སེམས་རྩ་འཁོལ་བའི་ཞབས་ཞུར་བརྟེན་ནས་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།
དང་བླངས་པ་304ཡིས་རྒྱུན་སྡོད་མི་འབོར་གྱི་31.77%བཟུང་བ་དེ་ཐོག་ནས་རྒྱུན་སྡོད་གྲོང་མི་3རེའི་ནང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་དང་བླངས་པ་གཅིག་ཡོད་པ་མཚོན་གྱི་ཡོད།
གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཤར་གསིང་མ་སྡེ་ཁུལ་ནི་མེས་རྒྱལ་ལྷོ་ནུབ་ཀྱི་མཐའ་མཚམས་གྲོང་རྡལ་ཆུང་ཆུང་ཞིག་རེད་ལ། དེ་བས་དང་བླངས་ཞབས་ཞུའི་སྙིང་སྟོབས་ལ་བརྟེན་ནས་བསྐྲུན་པའི་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་མིང་དོན་མཚུངས་པ་ཞིག་རེད།
ད་ལོའི་ཟླ་5པར། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཤར་གསིང་མ་སྡེ་ཁུལ་2024ལོའི་རྒྱལ་ཡོངས་ཀྱི་དང་བླངས་ཞབས་ཞུའི“བརྒྱ་རེ་བཞིའི”སྔོན་ཐོན་དཔེ་མཚོན་གྱི་མིང་གྲལ་ནང་ཚུད་དེ། “དང་བླངས་ཞབས་ཞུའི(གྲོང་ཚོ)སྡེ་ཁུལ་ཡག་ཤོས”ལ་བདམས་པ་རེད།
ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་འབབ་འཕར་ཡོང་བར་བྱས་པ།
ཐོན་ལས་དར་རྒྱས་བྱུང་ཚེ་མི་སེར་ཕྱུག་པོ་ཆགས་པ་དང་། མི་སེར་ཕྱུག་པོ་ཆགས་ཚེ་རྒྱལ་ཁབ་བདེ་ལ་འཁོད་ཐུབ། ཤར་གསིང་མ་སྡེ་ཁུལ་གྱི་དང་བླངས་པས་གནས་ལུགས་དེ་གསལ་པོར་ཤེས་པ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་དཀའ་གནད་ཀྱི་མདུན་དུ་ཁོང་ཚོ་གཅིག་རྗེས་གཉིས་མཐུད་ངང“ཟོག་ཚོང་གདོང་ལེན་པར”གྱུར་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་བྱ་གཞག་ཁྲོད་ཧུར་ཐག་ཞུགས་ཡོད། དང་བླངས་པའི་རོགས་རམ་འོག་ཤིང་ཏོག་ལི་དང་། ཞོག་ཁོག་སོགས་ཞིང་ལས་ཐོན་རྫས་རི་ཁུག་ནས་དེ་བས་རྒྱ་ཆེ་བའི་ཁྲོམ་རར་བཏོན་པས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་10ཙམ་བྱུང་ཡོད།
སྡེ་ཁུལ་གྱི་གྲོ་མོའི་ཉ་གསོ་སྤེལ་མཉམ་ལས་ཁང་ལ་རྒྱབ་སྐྱོར་བྱ་ཆེད། དང་བླངས་པས་ཐབས་ལམ་སྣ་ཚོགས་བརྒྱུད་མ་དངུལ་གྲབས་གསོག་བྱས་ནས་ཉ་ཕྲུག་ཁྲི་40ལྷག་ཙམ་ཉོ་རྒྱུའི་རེ་འདུན་ཞུས་ཏེ་ཉ་གསོ་སྤེལ་མཉམ་ལས་ཁང་ལ་སྤྲད་པ་རེད། སྔོན་དཔག་བྱས་ན་ལོ་གསུམ་གྱི་རྗེས་སུ་ཉ་ཕྲུག་དེ་དག་ལས་ཁེ་གཙང་སྒོར་ཁྲི་280ཡོང་བཟོ་ཡོད་པ་རེད།
ཁྱད་ལྡན་ཞབས་ཞུར་བརྟེན་ནས་སྡེ་ཁུལ་གྱི་གྲོང་མིར་དྲོ་སྐྱིད་སྦྱིན་པ།
སྡེ་ཁུལ་གྱི་ལས་དོན་ལ་ལས་ཀ་མང་ཞིང་རྙོག་འཛིང་ཆེ་བ་ཞིག་ཡོད། དེར་བརྟེན་ཤར་གསིང་མ་སྡེ་ཁུལ་གྱིས་ཁྱད་ལྡན་དང་བླངས་ཞབས་ཞུའི་རུ་ཁག་9གསར་དུ་བཙུགས་ཏེ། ཁོང་ཚོས་མང་ཚོགས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱི་དགོས་མཁོར་སེམས་འཁུར་བྱས་ཏེ་སྡེ་ཁུལ་གྱི་གྲོང་མིར་ཕྱོགས་ཡོངས་དང་རིམ་པ་མང་བའི་ཞབས་འདེགས་ཞུ་གི་ཡོད།
བུད་མེད་དང་བླངས་ཞབས་ཞུ་རུ་ཁག་གིས་བུད་མེད་ནི་ཞིབ་ཚགས་ལ་སྙིང་རུས་ཆེ་བའི་རང་གཤིས་ལྡན་པས་ཁྱིམ་ཚང་གི་རྩོད་གཞི་འདུམ་འགྲིག་བྱེད་པར་བུད་མེད་ཀྱི་ནུས་པ་གལ་ཆེན་བཏོན་པ་དང་། ཁོང་ཚོས་ཤ་ཚའི་སྙིང་གཏམ་དང་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་བྱས་ཏེ་ཁྱིམ་ཚང་གི་རྩོད་གཞི་ཁག་26བསལ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན་ཡོད།
དུས་བདེ་འཛུགས་སྐྱོང་དང་བླངས་ཞབས་ཞུ་རུ་ཁག་གིས་དུག་འགོག་གི་ཆོད་སེམས་ཟབ་མོར་བརྟེན་ནས་གྲོང་མིའི་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཞིང་། དུག་འགོག་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་ཁོང་ཚོས“དོ་དམ་ནན་པོ་དང་། ཚོད་འཛིན་ནན་པོ། ཞིབ་བཤེར་ནན་པོ”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་རྒྱུན་མཐུད་ཤུགས་བརྒྱབ་པས། ཞིབ་བཤེར་ལ་ཁུག་ཆ་མི་ལུས་པ་བྱུང་ཐོག་གྲོང་ཚོའི་ཁོར་ཡུག་གཙང་སེལ་ནུས་ལྡན་ཐུབ་པ་རེད།
ཁོར་ཡུག་འཕྲོད་བསྟེན་དང་བླངས་ཞབས་ཞུ་རུ་ཁག་གིས་གཙང་སྦྲའི་བྱ་སྤྱོད་ནང་རང་ནུས་ཧུར་ཐག་བཏོན་ཞིང་།“གཙང་སྦྲའི་བྱ་སྤྱོད་ལས་སྡེ་ཁུལ་དེ་བས་མཛེས་སྡུག་ལྡན་པའི”ཆེད་དོན་བྱེད་སྒོ་ཐེངས་10ལྷག་ཙམ་སྤེལ་བ་དང་། འབྲེལ་ཡོད་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་600ལྷག་ཙམ་བཀྲམ་པ། ཁྱིམ་ཚང་170ལྷག་ཙམ་དེའི་ནང་ཞུགས་རྒྱུར་སྐུལ་སློང་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་ཡོད།
ཁྱིམ་ཚང་གི་དོན་དག་ཙག་ཙིག་ནས་བདེ་ཐང་སྲུང་བའི་བར་དང་། ཁོར་ཡུག་བཅོས་སྒྲིག་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་པའི་བར་དང་བླངས་ཞབས་ཞུ་རུ་ཁག་9ཡིས་རང་འགན་གཙང་སྒྲུབ་དང་མཐུན་སྦྱོར་མཉམ་ལས་བྱས་ཏེ་དང་བླངས་ཞབས་ཞུ་དེ་མི་སེམས་ལ་ཐད་ཀར་ཟུག་པ་དང་སྡེ་ཁུལ་ཡོངས་ལ་ཁྱབ་ཡོད།
ཕྱར་བ་གྲུ་འདེགས་ཀྱིས་ཕྱོགས་གཅིག་གི་དུས་བདེ་སྲུང་བ།
ཤར་གསིང་མ་སྡེ་ཁུལ་དུ་དང་བླངས་པའི་དཔེ་སྟོན་སྐུལ་ཁྲིད་འོག སྡེ་ཁུལ་གྱི་གྲོང་མི་དང་བླངས་ཞབས་ཞུའི་ནང་ཧུར་ཐག་ཞུགས་པ་དང“ཏང་སྲིད་དམག་ཉེན་དམངས”ཀྱིས་མཐའ་སྟོབས་མཐའ་བརྟན་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཡོད།
“མཉམ་ལྔ་བརྟན་ལྔའི”བྱེད་སྒོར་གཉིས་བཀུར་གྱི་སྤྱོད་བཟང་སྤེལ་བ་དང་། དང་བླངས་པ་དང་བཅའ་སྡོད་དཔོན་དམག སྡེ་ཁུལ་གྱི་གྲོང་མི་བཅས་དང་མཉམ་དུ་མཐའ་མཚམས་སྐོར་གཡེང་དང་སྲུང་སྐྱོབ་བྱས་ཏེ་མེས་རྒྱལ་མཐའ་མཚམས་ཀྱི་དུས་བདེ་བསྲུངས་ཡོད།
“གཅེས་སེམས་མཚོན་པའི”བྱེད་སྒོ་ལས་མི་ཧྲེང་རྒན་རྒོན་ལ་དྲོ་སྐྱིད་སྦྱིན་པ་དང་། དང་བླངས་པས་དུས་བཀག་ལྟར་མི་ཧྲེང་རྒན་རྒོན་གྱི་ཁྱིམ་དུ་བསྐྱོད་དེ་ཁོང་ཚོར་འཚོ་བའི་དངོས་ཟོག་སྐྱེལ་བ་དང་ཅི་འཕྲོས་མོལ་འཕྲོས་བྱས་ཏེ་རྒན་རྒོན་ཚོས་སྤྱི་ཚོགས་ཀྱི་གཅེས་སྐྱོང་དང་དྲོ་སྐྱིད་ཚོར་བར་བྱས་ཡོད།
“སློབ་ཚན་གྲོལ་རྗེས་ཀྱི་བཅོལ་ཉར”ཞབས་ཞུ་ལས་གཞིས་ལུས་བྱིས་པ་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱས་པ་དང་། དང་བླངས་པས་ཕྲུ་གུ་ཚོར་སློབ་ཚན་ཟུར་ཁྲིད་བྱེད་པ་དང་ཕུན་སུམ་ཚོགས་པའི་སློབ་ཕྱིའི་བྱེད་སྒོ་སྤེལ་ནས་ཁོང་ཚོ་སྤྲོ་སྣང་ཁྲོད་སློབ་སྦྱོང་དང་གཅེས་སྐྱོང་ཁྲོད་འཚར་ལོངས་ཡོང་བར་བྱས་ཡོད།
ད་ཆའི་ཤར་གསིང་མ་སྡེ་ཁུལ་དུ་དང་བླངས་ཞབས་ཞུའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། མི་རྐྱང་རྟ་རྐྱང་ནས་དམངས་སེམས་གཅིག་སྒྲིལ་བྱེད་པའི་བར་དང་། ཞབས་ཞུ་རྐྱང་པ་ནས་དང་བླངས་ཀྱི“དམག་ཧྲག”9ཡིས་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་བའི་བར། དང་བླངས་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དང་བླངས་ཀྱི་སྙིང་སྟོབས་མཚོན་པ་དང་། སྡེ་ཁུལ་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ཏེ། སྙིང་ཉེ་བའི་སེམས་ཁུར་ལ་བརྟེན་ནས་གྲོང་མི་མང་ཚོགས་ཀྱི་སེམས་པ་ལྷོད་ལ་བབ་པ་དང་། ལེགས་སྐྱེས་དང་། མཛའ་བརྩེ། རོགས་རེས། ཡར་ཐོན་བཅས་ཀྱི་དང་བླངས་སྙིང་སྟོབས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་ནམ་ཡང་རྒྱུན་འཛིན་ཐུབ་པར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།