“རི་གཉིས”ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་རིམ་སྤེལ་འཕྲིན་སྤེལ།
ཇ་ལོའི་དྲི་ཞིམ་གང་སར་འཐུལ། སྐྱིད་པའི་དགོད་སྒྲ་ཕྱོགས་བཞིར་ཁྱབ།

འདི་ནི་འདྲེན་ཐང་གྲོང་རྡལ་གྱི་ལས་བྱེད་མང་ཚོགས་ཚོས་སྡོང་ཁུང་དྲུས་ནས་ཇ་ཤིང་འདེབས་པའི་གྲ་སྒྲིག་བྱེད་བཞིན་པ། (དཔྱད་གཞིའི་པར་རིས) (པར་རིས་འདྲེན་ཐང་གྲོང་རྡལ་གྱིས་མཁོ་འདོན་བྱས)
ས་ལེ་གྲོང་ཚོའི་ཇ་ཤིང་ར་བར་སླེབས་པ་ན། ཇ་ཤིང་སྟུག་པོས་རི་ཐང་ཡོངས་སུ་བརྒྱན་ནས་མཐོང་ལམ་ཡོད་ཚད་སྔོ་ཐིང་ཐིང་དུ་གནས།
ཇ་ཤིང་ར་བ་དེ་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་དུ་གནས་པ་དང་རང་རྒྱལ་གྱི་ས་བབ་མཐོ་བའི་ཇ་ཤིང་ར་བའི་གྲས་ཤིག་ཡིན་ཞིང་། ཇ་ལོའི་དྲི་ཞིམ་རབ་ཏུ་འཐུལ་བའི་རི་ཐང་དུ་སྔོ་ཐིང་ངེར་སྐྱེས་པའི་སྡོང་ཕྲུག་དེ་དག་གྲོང་མི་ཚོའི་འབབ་འཕར་གྱི“གསེར་གྱི་ལོ་མར”འགྱུར་བཞིན་ཡོད་པ་མ་ཟད། “རི་གཉིས”ཀྱི་འདུ་ཤེས་དེ་གར་རྩ་བ་ཚུགས་ནས་མྱུ་གུ་འབུས་པའི་གསོན་ཉམས་དོད་པའི་དཔང་པོ་ཞིག་ཀྱང་རེད།
འདྲེན་ཐང་གྲོང་རྡལ་ནི་ཤར་པ་བའི་འདུས་སྡོད་ཁུལ་ཞིག་ཡིན་པ་དང“ཤར་པའི་རིག་གནས་ཀྱི་ཕ་ཡུལ”ཞེས་བརྗོད་ཀྱི་ཡོད། དེ་གའི་ས་ཆ་མང་ཆེ་བ་ནི་ཚ་རྒྱུད་ཕལ་པའི་བརླན་བཤེར་དུས་རླུང་གི་གནམ་གཤིས་ཁུལ་ལ་གཏོགས་པས་རང་བྱུང་ཆ་རྐྱེན་ཡག་པོ་ཡོད་མོད། འོན་ཀྱང་དེ་སྔ་ཐག་རིང་ལུང་ཁུག་ཏུ་གནས་པ་དང་རྨང་གཞིའི་སྒྲིག་བཀོད་ཞན་པ་སོགས་ཀྱི་རྐྱེན་པས“སྔོ་ཞིང་དྭངས་བའི་རི་ཆུ་ཡོད་ཀྱང་གསེར་རི་དངུལ་རི་འཚོལ་དཀའ་བའི”འཕེལ་རྒྱས་དཀའ་བའི་གནས་སུ་གྱར་ཡོད།
“ཇི་ལྟར་བྱས་ཏེ་སྐྱེ་ཁམས་ལམ་བུར་ཡག་པོ་སྐྱོད་པ་མ་ཟད་འཕེལ་རྒྱས་ཀྱི་ལམ་བུར་ཡང་ཡག་པོ་སྐྱོད་པ”དེ་འདྲེན་ཐང་གྲོང་རྡལ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཐོག་མཐའ་བར་གསུམ་དུ་བསམ་གཞིག་དང་འཚོལ་ཞིབ་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད།
2022ལོར་སྐྱེ་ཁམས་ཁོར་ཡུག་པུའུ་ནན་ཅིང་ཁོར་ཡུག་ཚན་རིག་ཞིབ་འཇུག་སུའོ(གཤམ་དུ་ནན་ཅིང་སུའོ་ཞེས་བསྡུ་རྒྱུ)ཡིས་འདྲེན་ཐང་གྲོང་རྡལ་དང་རོགས་སྐྱོར་ཆ་སྒྲིག་བྱས་པ་རེད། ལས་བྱེད་པ་དང་། རིགས་གཅིག་མཁས་ཅན། མང་ཚོགས་བཅས་མཉམ་དུ་ཞིང་ནང་དང་མུ་ཁར་བརྟག་ཞིབ་དང་ཕན་ཚུན་བསམ་ཚུལ་གླེང་རེས་བྱས་པ་བརྒྱུད། ཡུལ་དེ་གའི་དོན་དངོས་ལ་གཞིགས་ནས་ས་ལེ་གྲོང་ཚོའི་རི་སྟེང་དུ་གཞི་ཁྱོན་ངེས་ཅན་ལྡན་པའི་ཇ་ཤིང་བཏབ་སྟེ་ས་མཐོའི་ཁྱད་ལྡན་ཇའི་ཐོན་ལས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ཤིག་རིམ་བཞིན་ཁ་གསལ་དུ་ཕྱིན་པ་རེད།
དུས་ཀྱི་འཁོར་ལོ་རིམ་གྱིས་འཁོར་བ་དང་བསྟུན་ནས་རི་མཐོའི་ཇ་ཤིང་ར་བ་དེ་ནས་2023ལོར་སྟོན་ཇ་ཁག་དང་པོ་བཏུས་པ་དང་2024ལོར་དཔྱིད་ཇ་ཁག་དང་པོ་བཏུས་ནས། གཞིས་རྩེ་གྲོང་ཁྱེར་གྱི་ཇ་ལོ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ཐད་ཚད་བརྒལ་གསར་པ་བྱུང་བ་རེད།
ལོ་མ་གཅིག་ལས་ཐོན་ལས་ཤིག་གྲུབ་པ་དང་ཇའི་ཐོན་ལས་ལ་བརྟེན་ནས་ཡུལ་དེའི་མང་ཚོགས་ཕྱུག་པོར་གྱུར།
“ནན་ཅིང་སུའོ་ཡི་རིགས་གཅིག་མཁས་ཅན་ཚོས་ཞིང་ནང་དང་མུ་ཁར་འབྲེལ་ཡོད་ཤེས་བྱ་སློབ་ཁྲིད་བྱེད་པ་དང་། སྡོང་ཁུང་འདྲུ་བ་དང་། ལུད་རྒྱག་པ། ས་རྒྱོང་བ། འགྱིག་ཤོག་གཡོག་པ། རྩ་སྤོས་རྒྱག་པ་སོགས་བརྒྱུད་རིམ་ཧྲིལ་པོའི་ལག་རྩལ་སྦ་གསང་མེད་པར་ང་ཚོར་བསླབས་བྱུང་། ད་ཆ་ཡུལ་མི་མི་ཉུང་བ་ཞིག་གིས་ལག་རྩལ་ཁོང་དུ་ཆུད་པ་དང་གཡོག་བྱེད་བྱེད་ཤེས་ཀྱི་ཡོད”ཅེས་ཇ་ཤིང་ར་བའི་བདག་སྐྱོང་བ་ངག་དབང་ཆོས་འཕེལ་གྱིས་བཤད།
ས་ལེ་གྲོང་ཚོའི་མང་ཚོགས་ཀྱིས་རིམ་རྩིས་བརྒྱབ་པ་ལྟར་ན། དེ་སྔ་ས་ཞིང་འདིར་གཙོ་བོ་མང་ཆག་དང་ཞོག་ཁོག་འདེབས་ཀྱི་ཡོད་པ་དང་ལོར་མུའུ་རེ་ནས་མང་ཆག་རྒྱ་མ་200དང་ཞོག་ཁོག་རྒྱ་མ་600ལས་ཐོན་གྱི་མེད། ད་ཆ་མུའུ་བཅུའི་སར་བཏབ་པའི་ཀྲུང་ཇ་302དང་ཧྥུའུ་ཏིང་ཇ་སོགས་སྤུས་ལེགས་ཇ་ཤིང་གི་སྐྱེ་འཚར་ཡག་པོ་ཡོད་ཅིང་། དུད་ཚང་94ཡི་མི་459འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་པ་དང་ད་ལོ་སྔོན་དཔག་བྱས་ན་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་3000ཡན་འཕར་རྒྱུ་རེད།
“ང་ཚོའི་ཇ་ཞིམ་པོ་འདི་འདྲ་ཡོད་དོན་ནི་སྔོ་ཞིང་དྭངས་བའི་རི་ཆུ་ལས་བྱུང་བ་ཞིག་རེད། ཇ་ལོ་བཏབ་པ་ལས་ང་ཚོས་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་རང་ཉིད་ཀྱི་ལྟོ་ཕོར་སྲུང་བ་དང་གཅིག་པ་ཡིན་པའི་གནས་ལུགས་དེ་རྟོགས་བྱུང་། ང་ཚོས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་ཕ་ཡུལ་གྱི་རི་ཆུར་གཅེས་སྤྲས་བྱས་ཏེ་འདྲེན་ཐང་གི་ཇའི་དྲི་ཞིམ་དེ་བས་ཐག་རིང་སར་འཐུལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད།
འདྲེན་ཐང་གྲོང་རྡལ་གྱི་ཀྲེན་ཀྲང་བསམ་གཏན་འཕྲིན་ལས་ཀྱིས། ནན་ཅིང་སུའོ་ཡི་རོགས་རམ་འོག“མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད་བཅས་ཟུང་འབྲེལ”གྱི་གཉེར་སྐྱོང་བྱེད་སྟངས་ལས་ཐོན་ལས་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་། གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འདེབས་འཛུགས་འདུ་ཤེས་ལས་ཇའི་ཐོན་ལས་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་བྱུང་ཡོད། “སྲོལ་རྒྱུན་གྱི་འདེབས་འཛུགས་ནས་སྐྱེ་ཁམས་ཇ་ལོའི་ལས་རིགས་བར་དང་། ཐར་ཐོར་གཉེར་སྐྱོང་ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་བར། དེ་ནི་ཐོན་ལས་ཕྱོགས་སྒྱུར་བྱས་པ་ཞིག་ཡིན་པ་མ་ཟད། འཕེལ་རྒྱས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་ཞིག་དེ་བས་ཀྱང་རེད། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཁ་གཏད་དུ་གྱུར་པའི་གདམ་ག་ཞིག་གཏན་ནས་མིན་པར་ཐབས་ལམ་ཡང་དག་འཚོལ་ཞིབ་ཐུབ་ཚེ་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རིར་ཟམ་མི་ཆད་པར་འགྱུར་ཐུབ་པ་འདྲེན་ཐང་གྲོང་རྡལ་གྱི་ལག་ལེན་དངོས་ལས་ར་འཕྲོད་བྱུང་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།