དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འགྲིམ་འགྲུལ་དྲ་བ་པ་ཏྲའི་རིས་དང་འདྲ། འཕེལ་རྒྱས་གོམ་སྟབས་ནམ་མཁའི་བྱ་ལས་མྱུར།

    ——ཡུན་ནན་གྱི་འགྲིམ་འགྲུལ་འཕོ་འགྱུར་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-08

    འདི་ནི་ལོ་སིའི་ཝན་ཐེན་གྲོང་ཁྱེར་དུ་སྐྱོད་མཁན་རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་ཀྲུང་ལོ་ལྕགས་ལམ་ཡུས་ཤིས་ཡན་ཧོ་འབབ་ཚུགས་ནས་ཐོན་བཞིན་པ། (2025ལོའི་ཟླ་8ཚེས་23ཉིན་བརྒྱབ་པའི་པར། མི་མེད་གནམ་གྲུས་པར་བརྒྱབ)

    འདི་ནི“ཀྲེང་ཧོ་རྟགས་ཅན”གྱི་མཚོ་ལམ་དང་། གཞུང་ལམ། ལྕགས་ལམ་བཅས་ཀྱི་རྒྱལ་སྤྱིའི་རྣམ་པ་མང་བའི་མཉམ་འདྲེན་དུས་གཏན་མེ་འཁོར་ཐེངས་དང་པོ་ཁུན་མིང་གྲོང་ཁྱེར་ཐེང་ཅུན་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་ལྟེ་གནས་ནས་ཐོན་གྲབས་ཡོད་པ། (2025ལོའི་ཟླ་7ཚེས་4ཉིན་བརྒྱབ་པའི་པར)

    འདི་ནི་ཡུལ་སྐོར་བ་ཡུན་ནན་ཞིང་ཆེན་ཕུའུ་ཨེར་གྲོང་ཁྱེར་ཉིང་ཨེར་རྫོང་གུང་ཆུའེ་ཕིང་གྲོང་ཚོའི་ཇ་རྟའི་གནའ་ལམ་དུ་སྐྱོད་བཞིན་པ། (2025ལོའི་ཟླ་10ཚེས་23ཉིན་བརྒྱབ་པའི་པར། མི་མེད་གནམ་གྲུས་པར་བརྒྱབ)

    ཟམ་ཆེན་འདི་འཇང་གི་གཡུ་རིའི་ཕུག་ལམ་གྱི་ཐོན་སྒོ་ནས་སྔགས་པ་གངས་རིའི་ཕུག་ལམ་གྱི་འཛུལ་སྒོ་བར་བསྐྲུན་ཡོད་ཅིང་། དེ་ནི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན། འདི་ནི་རིང་ཚད་ཧྲིལ་པོར་སྨི་882.5ཡོད་པའི་སྟག་མཆོང་འགག་འབྲི་ཆུའི་ལྕགས་ལམ་ཟམ་ཆེན་ཡིན་པ། (2025ལོའི་ཟླ་11ཚེས་21ཉིན་བརྒྱབ་པའི་པར། མི་མེད་གནམ་གྲུས་པར་བརྒྱབ)

    འདི་ནི་ཐེ་ལན་དང་ལོ་སིའི་ཡུལ་སྐོར་བས་ཀྲུང་ལོ་ལྕགས་ལམ་ཤིས་ཧྲོང་པན་ན་འབབ་ཚུགས་སུ་དྲན་རྟེན་པར་རྒྱག་བཞིན་པ། (2025ལོའི་ཟླ་2ཚེས་18ཉིན་བརྒྱབ་པའི་པར)

    འདི་ནི་ཡུས་ཁུན་མྱུར་བགྲོད་ལྕགས་ལམ་ཁྲང་ཧྲུའེ་གནམ་ཐང་འབབ་ཚུགས་ཀྱི་ཨར་སྐྲུན་བྱ་ཡུལ་ཡིན་པ། (2025ལོའི་ཟླ་5ཚེས་21ཉིན་བརྒྱབ་པའི་པར)

    འདི་ནི་ཀྲུང་གོ་ལྕགས་ལམ་ཅུས་བཞི་པའི་ཡུས་ཁུན་མྱུར་བགྲོད་ལྕགས་ལམ་ཁུན་མིང་ལྟེ་གནས་དུམ་བུའི་པཱ་ཅཱ་གྲོང་ཚོའི་ཧུའུ་ཁུན་ལྕགས་ལམ་གྱི་ཟམ་ཆེན་ཆེ་ཤོས་ཀྱི་ཟམ་གདུང་བསྐྲུན་ཡུལ་ཡིན་པ། (2025ལོའི་ཟླ་5ཚེས་21ཉིན་བརྒྱབ་པའི་པར)

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཁྲང་ཧྲན། ཅི་ཀྲེ་ཕེང་། ཏིང་དབྱི་ཆོན།

    2015ལོའི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་ནས་ཡུན་ནན་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་པ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་ཐུབ་པའི་ཕྱོགས་བསྡུས་རྨང་གཞིའི་སྒྲིག་བཀོད་ཀྱི་མ་ལག་ཅིག་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ལོ་10ལྷག་ཙམ་རིང་། ཡུན་ནན་དུ་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་རྨང་གཞིའི་སྒྲིག་བཀོད་ཁག་འཛུགས་སྐྲུན་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། བདེ་འཇགས་དང་། སྟབས་བདེ། ནུས་ཆེ། ལྗང་མདོག་སོགས་ཀྱི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ཡོད། ད་ཆ། མྱུར་བགྲོད་གཞུང་ལམ་གཡུ་འབྲུག་འཁྱུག་པ་ལྟར་གང་སར་བསྐྲུན་པ་དང་། མེ་འཁོར་རི་གསེབ་བརྒྱུད་དེ་གང་སར་ཤར་གཏོང་ཐུབ་པ། མཁའ་འགྲུལ་ལམ་ཐིག་གིས་ཕྱི་ནང་གཉིས་ཀ་སྦྲེལ་བ་སོགས་ས་ཁོངས་ཡོངས་དང་འཛམ་གླིང་ལ་ཁྱབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཞིག་རིམ་བཞིན་ཆགས་ནས། འཁོར་རིགས་ཐར་བ་ནས་བདེ་བགྲོད་ཐུབ་པའི་བར་དང་། ཡོད་པ་ནས་སྟོབས་ཆེའི་བར་གྱི་མཛེས་སྡུག་ལྡན་པའི་རོལ་དབྱངས་ཤིག་བརྩམས་ཡོད།

    རྨིག་རྗེས་ཀྱིས་ཁེངས་པའི་གནའ་བོའི་ལམ་ཕྲན་ནས་ལམ་དྲུག་མཉམ་གཤིབ་བར།

    ཉེ་ཆར་ཡུན་ནན་ཞིང་ཆེན་ཡན་ཅིན་རྫོང་ཏོའུ་ཧྲ་གྲོང་རྡལ་ཝུའུ་ཁྲི་ལམ་མཛེས་ལྗོངས་ལ་ཡུལ་སྐོར་བ་མང་པོ་སླེབས་ཤིང་། འགྲེལ་བཤད་པ་སུའུ་ཆིང་ཆིང་གིས་ཡུལ་སྐོར་བ་ཁྲིད་ནས་གཡམ་པའི་སྟེང་གི་རྟའི་རྨིག་རྗེས་དེད་དེ་ལྗོངས་གཟིགས་སྒང་དུ་འཛེགས་ནས་ལྟ་སྐབས། མིག་མདུན་དུ་རི་བོའི་མུ་ཁྱུད་ལྟ་ན་སྡུག་ལ་རི་གཤམ་དུ་ཆུ་བོ་དྲག་ཏུ་རྒྱུག་ནས་རྔམ་ཞིང་བརྗིད།

    ཇ་རྟའི་གནའ་ལམ་ནས་དེང་རབས་ཅན་གྱི་འགྲིམ་འགྲུལ་ལམ་དྲའི་བར་ཏེ“ལམ་དྲུག་མཉམ་གཤིབ”ནི་ཡུན་ནན་འགྲིམ་འགྲུལ་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བའི་བསྡུས་རིས་ཤིག་ཡིན། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ཡུན་ནན་གྱིས་ལམ་དྲ་དང་མཁའ་འགྲུལ་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་སྐྲུན་མགྱོགས་སུ་བཏང་ཡོད། 2021ལོའི་ལོ་འགོར། ཞིང་ཆེན་དེའི་ཀྲོའུ་དང་གྲོང་ཁྱེར་16ཚང་མར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལམ་དྲ་འཐུས་ཚང་དུ་ཕྱིན་ཡོད། མིག་སྔའི་བར། ཡུན་ནན་གྱི་གཞུང་ལམ་ལམ་ཐག་བསྡོམས་འབོར་སྤྱི་ལེ་ཁྲི་34ཟིན་པའི་ནང་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1ལྷག་ཙམ་ཟིན་ཡོད་པ་རེད། དེ་བཞིན་དུ་ལྕགས་ལམ་ཡང་ཉིན་རེ་བཞིན་འཕེལ་རྒྱས་ཕྱིན་ཞིང་། 2016ལོའི་ལོ་མཇུག་ཏུ། ཧུའུ་ཁུན་མྱུར་བགྲོད་ལྕགས་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ནས་ཡུན་ནན་དེ་ཉིད་རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བར་སྦྲེལ་ཏེ“མྱུར་བགྲོད་དུས་རབས”སུ་སླེབས་ཡོད། 2021ལོའི་ལོ་མཇུག་ཏུ། ཀྲུང་ལོའི་ལྕགས་ལམ་ཤར་གཏོང་ཐུབ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་སྟབས་བདེའི་ཟོག་འགྲེམས་བགྲོད་ལམ་བསྐྲུན་ཡོད། མིག་སྔའི་བར། ཡུན་ནན་གྱི་ལྕགས་ལམ་གཉེར་སྐྱོང་ལམ་ཚད་བསྡོམས་འབོར་སྤྱི་ལེ་5200ལྷག་ཙམ་དང་མྱུར་བགྲོད་ལྕཌ་ལམ་གཉེར་སྐྱོང་ལམ་ཚད་སྤྱི་ལེ་1200ལྷག་ཙམ་ཟིན་ཡོད་པ་རེད།

    “ཞིང་ཟོག་རི་ཁུག་ཏུ་ལུས་པ”ནས“གནམ་འོག་ཀུན་ཏུ་སོས་པར་བསྐྱལ་བའི”བར།

    གྲོང་གསེབ་ཀྱི་གཞུང་ལམ་གང་སར་ཤར་གཏོང་ཐུབ་ནས་མྱུར་སྐྱེལ་ཟོག་འགྲེམས་མ་ལག་རིམ་བཞིན་འཐུས་ཚང་དུ་ཕྱིན་པ་དང་བསྟུན་ནས། ད་ཆ་ནཱ་ཀུའུ་གྲོང་རྡལ་གྱིས་སྤྱི་སྤྱོད་རླངས་འཁོར་གྱིས་སྐྱེལ་བའམ་མྱུར་སྐྱེལ་གྱིས་ཐད་ཀར་སྐྱེལ་བའི་བྱེད་སྟངས་བརྒྱུད་སེ་འབྲུ་རྒྱལ་ཡོངས་སུ་ཚོང་གི་ཡོད། ཧུའེ་ཙེ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཀྲུའུ་ལི་ཡན་གྱིས“སྔ་དྲོར་བཏོག ཕྱི་དྲོར་ཐུམ་བརྒྱབ། སྲོད་ལ་རླངས་འཁོར་ནང་བླུགས་ནས་ཐོན་ཚེ། ཉིན་གསུམ་ནང་ཧྲང་ཧའེ་རུ་སླེབས་ཐུབ་པས་ཟོག་འགྲེམས་མ་གནས་ཐད་ཀར་30%ཆག་གི་འདུག་ཅེས་བརྗོད།

    ཡུན་ནན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2024ལོའི་ལོ་མཇུག་བར། ཡུན་ནན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་30.2ཟིན་ནས་ཤང་དང་གྲོང་རྡལ་དང་སྒྲིག་ཁོངས་གྲོང་ཚོ་100%ལ་མཁྲེགས་ལམ་དང་། སྦྲག་སྐྱེལ། འགྲུལ་སྐྱེལ་རླངས་འཁོར་བཅས་ཤར་གཏོང་ཐུབ་ཡོད། 2024ལོར། ཞིང་ཆེན་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཟོག་འགྲེམས་མ་གནས་སྒོར་དུང་ཕྱུར་1.2ཆག་ནས་མང་ཚོགས་ཀྱི་སྐྱེལ་འདྲེན་འགྲོ་གྲོན་སྒོར་ཁྲི་7200གྲོན་ཆུང་ཐུབ་ཡོད་པ་རེད།

    སྐམ་སའི་དབུས་ཁུལ་གྱི་མཐའ་མཚམས་ནས་སྒོ་དབྱེའི་མཐོ་སའི་བར།

    འདི་ལོའི་ཟླ་བཞི་པར། ཡུན་ནན་ལིན་ཆིང་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས། ཀྲུང་ཝེ་དང་། ཀྲུང་ལོ། ཀྲུང་འབར་བཅས་བར་གྱི་རྒྱལ་སྤྱིའི་བགྲོད་ལམ་གྱི་མྱུར་བགྲོད་གཞུང་ལམ་གྱི་ཡུན་ནན་དུམ་བུ་ཤར་གཏོང་ཐུབ་པ་ལས། ཡུན་ནན་ཞིང་ཆེན་གྱི“རྒྱལ་སྒྲོལ་ལྔའི”མྱུར་བགྲོད་གཞུང་ལམ་གྱི་རྒྱལ་ནང་དུམ་བུའི་ལམ་ཐིག་ཧྲིལ་པོ་མྱུར་བགྲོད་ཅན་དུ་གྱུར་བ་མཚོན་ཡོད།

    ཟླ་11ཚེས་15ཉིན“ཀྲེང་ཧོ་རྟགས་ཅན”གྱི་མཚོ་ལམ་དང་། གཞུང་ལམ། ལྕགས་ལམ་བཅས་ཀྱི་རྒྱལ་སྤྱིའི་རྣམ་པ་མང་བའི་མཉམ་འདྲེན་དུས་གཏན་མེ་འཁོར་ཐེངས་11པ་ཁུན་མིང་ཐེང་ཅུན་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ནས་ལོ་སིའི་ཝན་ཐེན་དུ་ཐོན། ཡུན་ནན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཕྱོགས་བསྡུས་སྐྱེལ་འདྲེན་ཁྲུའུ་ཡི་ཁྲུའུ་ཀྲང་ཧོ་ཧྲེང་ལུང་གིས“དུས་གཏན་མེ་འཁོར་ཀྲུང་ལོ་ལྕགས་ལམ་བརྒྱུད་ཝན་ཐེན་དུ་ཐད་ཀར་བསྐྱོད་པ་དང་། དེ་ནས་གཞུང་ལམ་བརྒྱུད་ཐེ་ལན་གྱི་ལིན་ཁྲ་པན་གྲུ་ཁ་དང་སྦྲེལ་ནས་མཐར་མཚོ་ཐོག་སྐྱེལ་འདྲེན་བརྒྱུད་སིང་ཀ་ཕོར་དུ་འབྱོར་གྱི་ཡོད”ཡུན་ནན་དང་ཧིན་རྡུ་རྒྱ་མཚོ་སྦྲེལ་བའི་ལམ་ཐིག་དེ་རྒྱུན་རྣམ་ཅན་དུ་འཁོར་སྐྱོད་ཐུབ་ནས་ལམ་རྒྱུད་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་བརྗོད།

    ཀྲུང་ལོ་ལྕགས་ལམ་ནས་ཀྲུང་གོའི་འཕྲུལ་གློག་ཐོན་རྫས་དང་། ཞིང་ལས་ཐོན་རྫས་དང་ལོ་སི་དང་ཐེ་ལན་གྱི་རང་བྱུང་འགྱིག་དང་ཚ་ཁུལ་གྱི་ཤིང་ཏོག་སོགས་ཕྱོགས་གཉིས་ཀར་འདྲེན་གཏོང་ཐུབ་ཡོད། 2021ལོའི་ཟླ་12ཚེས་3ཉིན་མེ་འཁོར་གཏོང་འགོ་ཚུགས་པ་ནས་2025ལོའི་ཟླ་10བར། ཀྲུང་ལོ་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་ཁྲི་7000ལྷག་ཙམ་དབོར་བའི་ནང་རྒྱལ་སྒྲོལ་དངོས་ཟོག་ཏུན་ཁྲི་1600ཙམ་ཡོད་པ་དེ་རྒྱལ་ནང་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་། ལོ་སི་དང་། ཐེ་ལན། སིང་ཀ་ཕོར་སོགས་རྒྱལ་ཁབ་དང་ས་ཁུལ་19ལ་ཁྱབ་ཡོད་པ་དང་། ཚོང་ཟོག་སྣ་ཁ་3700ལྷག་ཙམ་ཡོད་པ་དེ་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི“སྒུལ་ཤུགས་གསར་པར”གྱུར་ཡོད། ཡུན་ནན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ལན་མེ་ལྟེ་གནས་ཀྱི་ཀྲུའུ་རེན་དབྱང་ཀོང་གིས“ཡུན་ནན་གྱི་ཕྱི་ཕྱོགས་སྒོ་དབྱེ་དེ་ཀྲུང་ལོ་ལྕགས་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་རྒྱ་ཆེར་ཕྱིན་ཡོད”ཅེས་བརྗོད།

    སྟབས་བདེའི་འགྲིམ་འགྲུལ་ལ་བརྟེན་ནས་ཡུན་ནན་གྱིས་དཔལ་འབྱོར་ཚོང་དོན་མཉམ་ལས་འབྲེལ་ཐག་ཏུ་བྱས་ནས། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དབར་མཉམ་ལས་གཏིང་ཟབ་བྱེད་པའི་མཚོན་རྟགས་རང་བཞིན་གྱི་ལས་སྟེགས་མུ་མཐུད་བཏོད་ཡོད། འདི་ལོ་གཉེར་བའི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་9པར་རྒྱལ་ཁབ་ཁག་གི་ཚོང་པས་མ་འཇོག་མཉམ་ལས་རྣམ་གྲངས་31ལ་མིང་རྟགས་བཀོད་པར་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་136.09ཟིན་ནས་སྐབས་གོང་མ་ལས་33%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།