“ཧང་ཀྲུང་འབྲེལ་བ་དང་དངོས་སྒྲུབ་མཉམ་ལས་སྔར་ལས་ཆུ་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས”
——ཧང་ག་རིའི་བཟོ་པའི་ཏང་གི་ཀྲུའུ་ཞི་ཏིར་མོ་ལ་བཅར་འདྲི་ཞུས་པ།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེའི་ཁྱད་ཆོས་ཀྱི་གྲས་ཤིག་ནི་མི་དམངས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱེད་རྒྱུ་དེ་རེད” ཉིན་ཤས་གོང་ཧང་ག་རིའི་བཟོ་པའི་ཏང་གི་ཀྲུའུ་ཞི་ཏིར་མོ·ཅིའུ་ལུའོ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད་ཅེས་བརྗོད་པ་རེད།
ཏིར་མོ་ཡིས་འདས་ཟིན་པའི་ལོ་40ལྷག་ཙམ་རིང་ཀྲུང་གོར་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་7ལྷག་ཙམ་དབུལ་སྒྲོལ་ཐུབ་པ་དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་ན་བྱུང་མྱོང་མེད་པའི་རླབས་ཆེའི་བྱ་སྤྱོད་ཅིག་རེད། “ཀྲུང་གོའི་མི་དམངས་ཀྱིས་སྤོབས་སེམས་ཆེན་པོས‘ང་ཚོའི་ད་ཆའི་འཚོ་བ་ཁ་སང་ལས་ཡག་པ་ཡོད་ལ། སང་ཉིན་དེ་རིང་ལས་ཡག་པ་ཡོང་ངེས་རེད’”ཅེས་བརྗོད་ཆོག་ཞེས་བརྗོད་པ་རེད།
ཏིར་མོ་ཡིས། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོར་རྒྱང་ལྟའི་རང་བཞིན་ལྡན་པ་དང་། “མཉམ་ལས་ཀྱིས་འགྲན་རྒོལ་གྱི་ཚབ་བྱེད་པ་དང་། གཉིས་ཁེ་གཉིས་ཕན་གྱིས་བཙན་དབང་སྒེར་བཟུང་གི་ཚབ་བྱེད་པ། གྲོས་མོལ་ལམ་སྲོལ་གྱིས་ཕྱོགས་རྐྱང་ཐབས་ཇུས་ཀྱི་ཚབ་བྱེད་པ། ཐུན་མོང་འཕེལ་རྒྱས་ཀྱིས་ཕྱོགས་རྐྱང་འཕར་བའི་ཚབ་བྱེད་པ”བཅས་མཚོན་ཡོད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད། ཀྲུང་གོ་འདི་ཉིད་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་མེད་ཚེ་ད་ལྟའི“རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་གྱི་གྲོས་འགོ་དང་གསར་སྤེལ་དངུལ་ཁང་གསར་པ་སོགས་ཡོང་མི་སྲིད་ཅེས་བརྗོད་པ་རེད།
2024ལོར་ཀྲུང་གོ་དང་ཧང་ག་རི་ཕྱོགས་གཉིས་དབར་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་162ཟིན་པ་དེ་དུས་མཚུངས་ལས་11.4%འཕར་ཡོད། ལོ་མང་རིང་ཀྲུང་གོས་ཧང་ག་རི་དབར་ཡོ་རོབ་མནའ་འབྲེལ་ཕུད་པའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱས་ཡོད། མིག་སྔར། ཀྲུང་གོ་དང་ཧང་ག་རི་དབར་འགྲུལ་སྐྱེལ་ཐད་གཏོང་གནམ་གྲུ་གཏོང་ཐེངས་གཟའ་འཁོར་རེར་ཐེངས་21ཟིན་པ་དང་པུ་ཏ་ཕེ་སི་དང་ཀྲུང་གོའི་གྲོང་ཁྱེར་7འབྲེལ་མཐུད་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཧང་ག་རི་དང་སེར་པི་ཡ་ལྕགས་ལམ་གྱི་ཧང་ག་རི་དུམ་བུ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད།
ཏིར་མོ་ཡིས། ཧང་ཀྲུང་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཧང་ག་རིའི་དཔལ་འབྱོར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། ཀྲུང་གོས་བཟོས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་དང་མྱུར་བགྲོད་ལྕགས་ལམ་ཧང་ག་རིའི་མི་དམངས་ཀྱི་འཚོ་བའི་ནང་སླེབས་པ་དེ་ཐོག་ནས་དེང་རབས་བཟོ་སྐྲུན་ལས་རིགས་ཁྲོད་ཀྲུང་གོའི་སྔོན་ཐོན་གྱི་གནས་བབ་མཚོན་པ་མ་ཟད། ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་ཡང་བྱས་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།