དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ངོས་ཁྱད་ཆོས་ལ་གཞི་ཚུགས། ཐོན་ལས་དོན་དངོས་དང་ཟུང་འབྲེལ།

    བོད་ཀྱིས་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཡོན་ཆོན། ཞུས་ཡུས་ཡའོ།   |     སྤེལ་དུས།  2025-12-08

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་ཡོད་པའི་ཁེ་ལས་ཤིག་གི་ཆུ་འཁོར་ནང་རང་འཐག་གི་སྐད་སྒྲ་ལྷང་ལྷང་དུ་གྲགས་ཤིང་། ཉེ་འགྲམ་གྱི་མཛོད་ཁང་ནང་དུ་རྩམ་རྒྱུ་མང་པོ་སྤུངས་ནས་བཞག་ཡོད། ད་ལོ་ཤར་ཚུན་དུ་ཁེ་ལས་དེའི་ཐོན་ནུས་མངོན་གསལ་དོད་པོས་ཆེ་རུ་དང་རྩམ་རྒྱུ་ཉོ་སྒྲུབ་བྱེད་ཚད་མུ་མཐུད་མཐོ་རུ་ཕྱིན་ནས་མཐའ་འཁོར་གྱི་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།

    ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དེ་དངུལ་ཁང་ནས་དངུལ་བུན་བཏང་བ་ལས་བྱུང་བ་ཞིག་ཡིན་པ་སྟེ། ད་ལོའི་ལོ་འགོར་བོད་ལྗོངས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གི་ལས་དོན་པས་རང་འགུལ་ངང་སྒོ་རྩར་ཡོང་ནས་ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་གྱི་ཇུས་གཞི་བཟོ་རོགས་བྱས་ཡོད། “འཁོར་རྒྱུག་མ་རྩ་རག་རྗེས་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་བའི་སེམས་ཤུགས་དེ་བས་ཀྱང་ཆེ་རུ་ཕྱིན་སོང” ཞེས་ཁེ་ལས་ཀྱི་འགན་འཁུར་བ་ནོར་བུ་བསྟན་འཛིན་གྱིས་བཤད། ད་ལོའི་ཟླ་9པའི་བར། བོད་ཀྱི་གཉེར་སྐྱོང་བྱེད་པོ་དུད་ཚང་ཁྲི་2.6ལྷག་ཙམ་ལ་ཡིད་རྟོན་དངུལ་བུན་བཏང་ནས་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱ་རྒྱུའི“འོས་སྦྱོར་གསལ་ཐོའི”ནང་བཅུག་ཡོད། དེའི་ནང་གཉེར་སྐྱོང་བྱེད་པོ་80%ལྷག་ཙམ་ལ་དངུལ་ཁང་གི་དངུལ་བུན་འཕར་མ་རག་པ་དང་དངུལ་བུན་གཏོང་གྲངས་སྒོར་དུང་ཕྱུར་300ལྷག་ཙམ་ཟིན་ཞིང་། དེང་རབས་ཀྱི་དངུལ་རྩའི་ཞབས་ཞུའི་ལས་རིགས་ཀྱིས་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ད་ལོའི་ཟླ་8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས“བོད་ཀྱི་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་ཡོད་པས། དོན་དངོས་ལ་གཞིས་ཚུཌ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་དང“དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་དགོས”ཞེས་བསྟན་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་ཆེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་སྐྲུན་དགོས”ཞེས་བསྟན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། བོད་ཀྱིས་རང་ཉིད་ཀྱི་ཁྱད་ཆོས་ལ་གཞི་ཚུཌ་ཏེ་ཐོན་ལས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་ཡོད།

    སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་པས། འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ།

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་ནས་དངོས་ཟོག་བྱུར་བུར་བླུགས་པའི་གྲང་ཕྲེང་ཟོག་འགྲེམས་རླངས་འཁོར་ཐོན་གྲབས་བྱེད་བཞིན་ཡོད། “དེ་སྔོན་ཀུང་སིར་གྲང་ཕྲེང་སྐྱེལ་འདྲེན་རླངས་འཁོར་ཆུང་གྲས་གཅིག་རང་ལས་མེད། སྐྱེལ་འདྲེན་བྱེད་ནུས་མི་འདང་བས་ཞིང་ལས་ཐོན་རྫས་ཚོང་བར་ཚོད་འཛིན་ཆེན་པོ་ཕོག་སོང”ཞེས་ལྷུན་གྲུབ་རྫོང་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཧོང་དབྱི་ཁུའེ་ཡིས་བཤད། ལྷ་ས་གྲོང་ཁྱེར་ཚོང་དོན་སྡེ་ཚན་གྱིས་མ་དངུལ་སྒོར་ཁྲི་500བཏང་ནས་གྲང་ཕྲེང་ཟོག་འཁོར་ཆེ་གྲས་ཉོས་ཏེ། ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་སྐྱེལ་འདྲེན་བྱེད་པའི་ལྷུ་ཚིགས་ཤར་གཏོང་ཐུབ་རྒྱུར་རམ་འདེགས་བྱས་ཤིང་། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་བོད་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་བཏང་ནས་དེང་རབས་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་དངོས་ཟོག་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་འཛུགས་སྐྱོང་གི་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་སྦྲག་སྲིད་མྱུར་སྐྱེལ་མཉམ་ལས་དང་། འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས། དམའ་དབྱིངས་ཟོག་འགྲེམས་བཅས་ཟུང་འབྲེལ་གྱི་བྱེད་སྟངས་འཚོལ་ཞིབ་བྱས་ཤིང་། མིག་སྔར་སྲིད་འཛིན་གྲོང་ཚོ་577དང་། སློབ་གྲྭ་467 ས་གནས་སུ་བཅའ་སྡོད་ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་26བཅས་ཀྱི་ཟོག་འགྲེམས་བསྐུར་སྐྱེལ་དྲ་རྒྱ་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཡོད།

    ཞན་ཆ་བསལ་བས། ཁྱབ་རྒྱ་དེ་བས་ཆེ་རུ་ཕྱིན་པ།

    རི་ལམ་ཀྱག་ཀྱོག་ཆེ་ཞིང་། རླངས་འཁོར་བཏང་ནས་རྒྱལ་ལམ་349ཐོག་ཏུ་སྐྱོད་སྐབས་ལུང་གཞུང་དང་ལུང་ཁུག་གང་དུ་སླེབས་ནའང་དེ་གར་ཁ་པར་གྱི་བརྡ་རྟགས་སྔར་བཞིན་ཡག་པོ་ཡོད།

    “ཡུན་རིང་མ་སོང་གོང་གློག་སྐུད་ཁྲིད་མི་དགོས་པའི་བརྡ་རྟགས་མཐོ་ལྕོག་གསར་པ་སྤྱོད་འགོ་ཚུགས་ཡོད། དེ་ལས་སྐྱེ་ཁམས་སྲུང་སྐྱོང་ཐུབ་ལ་དྲ་རྒྱའི་བརྡ་རྟགས་ཁྱབ་ཚད་ཀྱང་ཆེ་རུ་ཕྱིན་འདུག”ཅེས་ཀྲུང་གོ་སྒུལ་འཕྲིན་བོད་ལྗོངས་ཀུང་སི་ལྷ་ས་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲའོ་ཅོན་གྱིས་ངོ་སྤྲོད་བྱས།

    དེ་ནི་བོད་ཀྱིས་དྲ་རྒྱའི་འཕྲིན་གཏོང་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་བའི་བསྡུས་རིས་ཤིག་རེད། ད་ལོའི་ཟླ་6པའི་ཟླ་མཇུག་བར། བོད་ཀྱི་མི་ཁྲི་རེར་5Gསྦྲེལ་ཚུགས་ཀྱི་གྲངས་འབོར་58.6ཟིན་པ་དང་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ་བཅུ་ཆ་དགུ་ཙམ་ལ་5Gདྲ་རྒྱ་ཁྱབ་ཡོད།

    དམངས་འཚོའི་དགོས་མཁོར་དམིགས་ནས་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཁྱབ་རྒྱ་སྔར་བས་རྒྱ་ཆེར་བཏང་ཞིང་། མིག་སྔའི་བར་བོད་དུ་ས་བབ་སྨི་5000ཡན་གྱི་ཞིང་འབྲོག་པར་དྲོད་རླངས་མཁོ་འདོན་ཡོངས་སུ་ཐུབ་པ་དང་། རང་སྐྱོང་ལྗོངས་ཀྱི་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད།

    མི་རྩ་བར་འཛིན་པས། དམངས་འཚོ་འགན་སྲུང་དེ་བས་རྒྱུན་མཐུད་ཐུབ་པ།

    ནག་ཆུ་གྲོང་ཁྱེར་གསོ་བཅོས་ཟུང་འབྲེལ་རྒན་གསོ་ཞབས་ཞུའི་ལྟེ་གནས་སུ་ལས་མིས་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་པའི་རྒན་མོ་ནོར་འཛོམས་ལ་གཟབ་ནན་ངང་སྨན་བྱུག་བཞིན་ཡོད། “འདིར་ང་ལ་ལྟ་རྟོག་བྱེད་མཁན་ཡག་པོ་འདུག་པས་དངོས་འབྲེལ་སྐྱིད་པོ་འདུག”ཅེས་ནོར་འཛོམས་ཀྱིས་བཤད།

    “ལྟེ་གནས་ཀྱིས་བོད་ལུགས་གསོ་རིག་གི་བཅོས་ཐབས་དང་དེང་རབས་ཀྱི་གསོ་བཅོས་ཟུང་འབྲེལ་གྱི་རྒན་གསོའི་ཞབས་འདེགས་ཞུས་ཏེ། རྒན་རྒོན་ཚོའི་བདེ་ཐང་གི་དགོས་མཁོ་སྐོང་གང་ཐུབ་བྱེད་ཀྱི་ཡོད”ཅེས་དང་ལྟེ་གནས་དེ་ནག་ཆུ་གྲོང་ཁྱེར་དམངས་སྲིད་ཅུས་དང་སྨན་རྩིས་ཁང་གིས་མཉམ་འབྲེལ་ཐོག་གཉེར་སྐྱོང་བྱེད་ཀྱི་ཡོད། མིག་སྔར་ཁྱོན་ཉལ་ཁྲི་153ཡོད་པ་དང་མི་ཐེངས་2000ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་ཅེས་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གི་ལས་མི་ཧོ་ཚན་གྱིས་ངོ་སྤྲོད་བྱས།

    མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཤིང་། བོད་ཀྱིས་དམངས་འཚོར་དམ་པོར་བསྟུན་ནས་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། ཆབ་མདོ་བཅས་ཚོད་ལྟའི་གྲོང་ཁྱེར་4ཡིས་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་ཁུལ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། སྔོན་དཔག་བྱས་ན་ཚོང་ལས་དྲ་ཚིགས་5415དང་སྡེ་ཁུལ་ཚོང་ལས་ལྟེ་གནས་22ལ་ཁྱབ་རྒྱུ་དང་། བོད་དུ་གྲོང་ཚོའི་སྦྲག་སྲིད་བསྐུར་སྐྱེལ་དྲ་རྒྱ་ཁྱབ་ཚད་98%ཟིན་ནས་ཞིང་འབྲོག་པ་དེ་བས་མང་པོར་དྲ་ཐོག་ནས་དངོས་ཟོག་ཉོ་སྒྲུབ་བྱེད་པར་སྟབས་བདེ་བྱུང་ཡོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་བཞིན་ཡོད། སླད་ཕྱིན་ང་ཚོས་རྒྱུན་སྲིང་ལྷོད་མེད་ངང་དེང་རབས་ཞབས་ཞུའི་ལས་རིགས་ཕན་ནུས་ཆེ་ཞིང་སྤུས་ལེགས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། ས་མཐོའི་མང་ཚོགས་དེ་བས་མང་པོར་སྤུས་ཚད་མཐོ་བའི་འཚོ་བ་ལོངས་སྤྱོད་ཐུབ་པ་བྱེད་ཀྱི་ཡིན”ཞེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུངས། 

    (《མི་དམངས་ཉིན་རེའི་ཚགས་པར》2025ལོའི་ཟླ་12ཚེས་6ཉིན་གྱི་པར་ངོས་དང་པོ་ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།