ཡུས་ཀུང་གིས་རི་བོ་སྤོ་བའི་སྙིང་སྟོབས་ནས་སྤྱི་ཡོངས་ཀྱི་གནས་སྤོས་བར།
བྲག་དཀར་གྲོང་གསར་གྱི་གྲོང་ཚོའི་ལོ་རྒྱུས་ཁང་དུ་གཙུག་ནོར་གཉིས་ཡོད་ཅིང་། གཅིག་ནི་སྔར་བཞིན་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཞིག་ཡིན་པ་དང་། གཅིག་ཤོས་ནི“ཡུས་ཀུང་གི་རི་བོ་སྤོ་བའི་དམ་བཅའ་སྙིང་ལ་བཀོད”ཅེས་བྲིས་པའི་ཚོན་དར་ཞིག་རེད། ལག་འཚེམ་བརྒྱབ་པའི་དར་ཆ་དེ་གཉིས་ལ་ས་འཐབ་གནམ་འཛིང་དང་རི་ཆུ་ཀླུང་གསུམ་བསྐྱར་སྒྲིག་བྱེད་པའི་སེམས་ཤུགས་ཆེན་པོ་དང་ཆོད་སེམས་བརྟན་པོ་འདུས་ཡོད་པ་མ་ཟད། ཡུལ་དུས་ཀྱི་བར་མཐོངས་ལས་བརྒལ་བའི་སྟོབས་ཤུགས་ཆེན་པོའང་ལྡན་ཡོད།
དུས་རབས་གསར་པར་སླེབས་རྗེས། བྲག་དཀར་རོང་གི་གྲོང་མིས་སྔ་མོའི་ཁྱིམ་གཞིས་ལས་བྲལ་བའི་གདམ་ག་བྱས་པ་དང་སྔ་རྗེས་སུ་གནས་སྤོ་ཐེངས་གསུམ་བྱས་ཤིང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྐབས་སུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁག་ཅིག་འཕྲོད་བསྟེན་ཁང་ཡོད་པའི་བཀོད་སྒྲིག་ས་ཚིགས་སུ་སྤོས་པ་དང་། ས་གཤིས་ཀྱི་གནོད་འཚེ་གཙོ་གནད་བཅོས་སྒྲིག་བྱེད་སྐབས་སླར་ཡང་མི་ཁག་ཅིག་སྤོས་ཡོད། 2024ལོ་ནི་སྤོ་ཐེངས་གསུམ་པ་དེ་ཡིན་ལ་བྲག་དཀར་རོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ལྔ་པོ་ཁྱོན་ཡོངས་གནས་སྤོ་བྱས་པ་ཞིག་ཀྱང་རེད།
ཡུས་ཀུང་གིས་རི་བོ་སྤོ་བའི་སྙིང་སྟོབས་ནས་ཁྱོན་་ཡོངས་གནས་སྤོ་བྱེད་པ་གདམ་ག་བྱས་པའི་རྒྱབ་ཏུ། དུས་རབས་ཡར་ཐོན་དང་འདུ་ཤེས་གསར་སྒྱུར་བྱས་པ་ཞིག་རེད། དུས་ཡུན་རིང་པོ་སྒྲུབ་དགོས་བསམ་ཡང་སྒྲུབ་མ་ཐུབ་པའི་དོན་དངོས་འདི་སྒྲུབ་ཐུབ་པ་བྱེད་པར་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་ལས་གསོག་འཇོག་བྱས་པའི་དངོས་པོའི་རྨང་གཞི་བརྟན་པོ་ཞིག་མེད་ན་ཡོང་ཐབས་མེད། དེ་དང་ཆབས་ཅིག འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ་དང་། སྐྱེ་ཁམས་དེ་ཉིད་བོད་ཀྱིས་རྒྱལ་ཁབ་ཀྱི་དོན་ཆེན་ལ་བརྩིས་ཚེ་གཞི་ནས་ཐབས་ཇུས་འདི་འདྲ་གཏན་ལ་འབེབས་ཐུབ་པ་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པར་བྱ་བཟང་ལེགས་པར་སྒྲུབ་པ་དང་མི་སེར་གྱི་སེམས་ལ་འབབ་ཐུབ་པ་བྱེད་དགོས།
དེར་བརྟེན་བྲག་དཀར་རོང་གི་ཡུལ་མིའི་འཚོ་བའི་འགྱུར་ལྡོག་ནི་ས་ཁམས་བར་མཐོངས་ཀྱི་གནས་སྤོ་བ་ཙམ་མ་ཟད། མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མིག་མཐོང་ལག་ཟིན་ཐུབ་པ་ཞིག་ཀྱང་ཡིན་ལ། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བའི་མཚོན་ཚུལ་དངོས་དེ་བས་ཀྱང་རེད།
དེ་བས་ཡངས་པའི་ལོ་རྒྱུས་ཀྱི་མཐོང་རྒྱ་ནས་བལྟས་ཚེ། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དུ་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“བྲག་རྡོ་གཤགས་པ་དང་ཐང་རྒོད་སྦོལ་བའི”ཆོད་སེམས་ལ་བརྟེན་ནས་སྔོན་ལ་རྗེས་ལུས་ལམ་ལུགས་ཀྱི་རི་བོ་ཆེན་པོ་སྤོས་ཏེ་བོད་ཀྱི་ཤེས་དཔལ་ཡར་ཐོན་གྱི་རྩ་བའི་བགྲོད་ལམ་ཤར་གཏོང་བྱས་པ་དང་། དེ་ནས་དཀའ་ཚེགས་ཆེ་བའི་ཁོར་ཡུག་དང་། ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན། འཕེལ་རྒྱས་འགོར་བ་སོགས་རི་བོ་མཐོན་པོ་མང་པོ་བརྒལ་ཏེ་མི་རིགས་ཁག་གི་མང་ཚོགས་ཚོར་བདེ་སྐྱིད་འཚོ་བའི་གནམ་ས་གསར་པ་ཟམ་མི་ཆད་པར་བཏོད་ཡོད། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་12ལས་བརྒལ་བ་དང་། “བསྐྱར་དར་རྟགས་ཅན”གྱི་མེ་འཁོར་རི་མཐོ་གཡང་གཟར་ཁྲོད་ནས་ཤར་བགྲོད་ཐུབ་པ། “གློག་ཤུགས་མཁའ་ལམ”གྱིས་ཁྱིམ་ཚང་མང་པོར་འོད་སྣང་སྦྱིན་པ། 5Gབརྡ་རྟགས་ཇོ་མོ་གླང་མའི་རྩེ་མོར་ཁྱབ་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་རང་སྐྱོང་ལྗོངས་དབུ་བརྙེས་མ་ཐག་པའི་སྐབས་ལས་ལྡབ་གཅིག་ལྷག་ཙམ་རིང་དུ་ཕྱིན་པ་སོགས་མིའི་རིགས་ཀྱི་ཤེས་དཔལ་གྱི་ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་འོད་སྟོང་འཚེར་བའི་གྲུབ་འབྲས་རླབས་པོ་ཆེ་རེ་རེ་ནི་མི་རབས་མང་པོས་དཀའ་སྤྱད་སྡུག་རུས་དང་འབད་བརྩོན་ཆེར་སྐྱེད་བྱས་པའི་འབྲས་བུ་ཤ་སྟག་ཡིན་པ་གོར་མ་ཆག
བློ་བརྟན་འགྱུར་མེད་ངང་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་བློ་རྩ་བརྟན་པོས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་ཡུས་ཀུང་གིས་རི་བོ་སྤོ་བའི་སྙིང་སྟོབས་དང་སྙིང་རུས་རྒྱུན་འཁྱོངས་བྱས་ནས་དམིགས་ཚད་ལ་དམ་པོར་དམིགས་པ་དང་། རྒྱུན་མཐུད་འབད་བརྩོན། དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཚེ། འགྲན་སློང་དང་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་ལ། གངས་ལྗོངས་ས་མཐོར“མི་དམངས་གོང་དུ་བཀུར་བའི”ལེའུ་གསར་རྐྱང་ཞིག་རྒྱུན་ཆད་མེད་པར་འབྲི་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།